དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《མི་སྒེར་གྱི་དངུལ་བུན་ལས་སྒོའི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་གསལ་སྟོན་སྐོར་གྱི་གཏན་འབེབས》ཟླ་8ཚེས་1ཉིན་ནས་ལག་ལེན་བསྟར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲའོ་ཀྲན་ཧུའེ།   |     སྤེལ་དུས།  2026-08-03

    “དངུལ་བུན་འདི་མ་གནས་གང་དག་དང་འབྲེལ་བ་ཡོད་པ་ང་ཚོས་རེ་རེ་བཞིན་ཁྱེད་ལ་གསལ་པོར་བཤད་ཆོག” ཟླ་7ཚེས་30ཉིན། ཧྥུའུ་ཅན་ཧྲི་ཧྲི་གྲོང་ཁྱེར་གྱི་གྲོང་མི་ཀྲོང་ལགས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ཧྲི་ཧྲི་ཡན་ལག་དངུལ་ཁང་དུ་ཡོང་ནས་མི་སྒེར་གྱི་སྡོད་ཁང་དངུལ་བུན་སྐོར་བློ་འདྲི་བྱེད་སྐབས། ཚོང་འགྲུལ་ཅིང་ལི་ཚའེ་ཝུན་ཀོན་མདུན་དུ་ཡོང་ནས“ལོ་རེར་སྐྱེད་ཀ་3.05%དང་དུས་ཐེངས་རེར་མ་དངུལ་དང་སྐྱེད་ཀ་ཁྱོན་སྒོར་7552.64འཇལ་དགོས། དངུལ་བུན་འདིར་ཁག་ཐེག་གྲོན་དངུལ་དང་། དཔྱད་དཔོག་གྲོན་དངུལ། ཞབས་ཞུའི་གྲོན་དངུལ་བཅས་དང་དེ་བཞིན་ཡིད་རྟོན་འཕེར་བའི་གྲོན་དངུལ་གཞན་དག་བསྡུ་གི་མེད”ཅེས་ངོ་སྤྲོད་བྱས།

    ཚའེ་ཝུན་ཀོན་གྱིས་མཁྱེན་ལྡན་མ་ཀྲོང་ལགས་ལ། གལ་སྲིད་ཟླ་8ཚེས་1ཉིན་གྱི་རྗེས་སུ་ལས་སྒོ་གཉེར་བར་ཡོང་ཚེ་དངུལ་བུན་འདིའི་མ་གནས་ཚང་མ་ཤོག་ཐོག་ཏུ་བྲིས་ནས་དངུལ་བུན་གཡར་མཁན་གྱིས་མིང་རྟགས་བཀོད་རྗེས་གཞི་ནས་གོ་ཆོད་ཀྱི་ཡོད་ཅེས་བཤད། མཁྱེན་ལྡན་མ་ཀྲོང་ལགས་ཀྱིས། དངུལ་ཁང་དུ་མ་ཡོང་གོང་དངུལ་བུན་གྱི་མ་གནས་གང་འདྲ་ཡིན་པ་ཤེས་ཀྱི་མེད། ད་ལྟ་དངུལ་ཁང་གིས་རྒྱུན་གཏན་གྱི་དངུལ་བུན་མ་གནས་དང་། དུས་ཚོད་ཡོལ་རྗེས་ཐོན་སྲིད་པའི་གྲོན་དངུལ་དག་གསལ་པོར་བཤད་དེ་ཤོག་ཐོག་ཏུ་གསལ་པོ་འབྲི་གི་འདུག་པས་སྔར་བས་བློ་བདེ་པོ་འདུག་ཅེས་བཤད།

    ཤོག་ལྷེ་དེ་ནི་མི་སྒེར་གྱི་དངུལ་བུན་གྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་གསལ་ཐོ་ཡིན་ལ་དངུལ་བུན་གྱི“གསལ་རྟོགས་ཤོག་ལྷེ”ཡང་ཡིན། ད་ལོའི་ཟླ་གསུམ་པར། རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་དང་ཀྲུང་གོ་མི་དམངས་དངུལ་ཁང་གིས《མི་སྒེར་གྱི་དངུལ་བུན་ལས་སྒོའི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་གསལ་སྟོན་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཟླ་8ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཁ་གསལ་བཏོན་པ་དང་། ཁེ་ལས་ཀྱི་དངུལ་བུན་གྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་གསལ་སྟོན་ཚོད་ལྟའི་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་རྗེས། དངུལ་བུན་གྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་གསལ་སྟོན་ལས་དོན་དེ་མི་སྒེར་གྱི་དངུལ་རྩའི་ཁྱབ་ཁོངས་སུ་སྤེལ་བ་དང་། རྒྱ་ཆེའི་དངུལ་རྩའི་འཛད་སྤྱོད་པའི་ངོས་ནས་བརྗོད་ན། སླད་ཕྱིན་མི་སྒེར་གྱི་དངུལ་བུན་ཐད་རྩིས་ཐོ་དེ་བས་གསལ་བ་ཞིག་ཡོད་པ་རེད།

    གཏན་འབེབས་ལ་གཞིགས་ན། མི་སྒེར་གྱི་དངུལ་བུན་གྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་གསལ་ཐོར་དངུལ་བུན་གྱི་མ་དངུལ་གྲངས་འབོར་གསལ་པོ་འགོད་དགོས་པ་དང་། དངུལ་བུན་གཏོང་མཁན་དང་དེ་བཞིན་དེའི་མཉམ་ལས་སྒྲིག་གཞིས་བསྡུས་པའི་སྐྱེད་ཀ་དང་གྲོན་དངུལ་ཁག་དང་དེ་བཞིན་བསྡུ་ལེན་བྱེད་སྟངས་དང་། བསྡུ་ལེན་ཚད་གཞི། བསྡུ་ལེན་བྱེད་པོ་བཅས་རེ་རེ་བཞིན་ཁ་གསལ་འགོད་དགོས། དེའི་རྨང་གཞིའི་ཐོག རྒྱུན་གཏན་གྱི་ཁ་ཆད་ལག་བསྟར་གནས་ཚུལ་འོག་དངུལ་བུན་གཡར་མཁན་གྱིས་སྤྲོད་དགོས་པའི་ལོ་རེའི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་མ་གནས་ཕྱོགས་བསྡུས་རྩིས་རྒྱག་དགོས།

    རིགས་དབྱེ་ནས་བལྟས་ན། ཤོག་ལྷེ་འདིའི་ཐོག་དངུལ་བུན་གྱི་མ་གནས་ཚང་མ་ཚུད་ཡོད་ཅིང་། གཅིག་ནི་སྐྱེད་ཀའི་མ་གནས་ཏེ་དངུལ་བུན་གྱི་སྐྱེད་ཀ་དང་། གཞན་ནི་སྐྱེད་ཀ་མིན་པའི་མ་གནས་ཏེ་གཏའ་འཇོག་གྲོན་དངུལ་དང་། ཁག་ཐེག་གྲོན་དངུལ། ཉེན་འགོག་གྲོན་དངུལ་སོགས་ཚུད་པའི་ཡིད་རྟོན་འཕེར་བའི་གྲོན་དངུལ་ཡིན་པ་རེད།

    “སྔོན་ཆད་སྐྱེད་ཀའི་མ་གནས་ཅུང་ཁ་གསལ་ཡོད་མོད། ཡིན་ན་ཡང་སྐྱེད་ཀ་མིན་པའི་མ་གནས་དེ་གྲོན་བསྡུའི་བྱེད་པོ་ཁག་མང་པོ་དང་འབྲེལ་བ་དང་། རིགས་འདྲ་མིན་སྣ་ཚོགས་ཡོད་པ། ཁ་གསལ་མེད་པ་བཅས་ཡིན་པས། མི་སྒེར་གྱི་དངུལ་བུན་ཁག་གཅིག་གི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་སྔར་བཞིན་མཐོ་པོ་ཡོད” གཏན་འབེབས་གསར་པ་ལག་ལེན་བསྟར་བ་དེའི་ཐོག་ནས་མངོན་མེད་གྱི་འགྲོ་གྲོན་དེ་དག་ཚང་མ་ཡོངས་བསྒྲགས་བྱས་ནས་དངུལ་བུན་གཡར་མཁན་གྱི་རྩིས་ཁ་གསལ་ཡོང་བ་མཚོན་ཡོད་ཅེས་ཀྲའོ་ལེན་དངུལ་རྩའི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཏུང་ཤིས་མེའོ་ཡིས་བཤད།

    དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞི་ཕུད། གཏན་འབེབས་གསར་པའི་ནང་ད་དུང་འཛད་སྤྱོད་དངུལ་རྩའི་ཀུང་སི་དང་འབོར་ཉུང་དངུལ་བུན་ཀུང་སི་སོགས་ཚང་མ་ཁྱབ་ཁོངས་ནང་བཅུག་ནས། དངུལ་བུན་གཡར་མཁན་གྱིས་ཐབས་ལམ་སྣ་ཚོགས་བརྒྱུད་དངུལ་བུན་གཡར་བའི་གནས་ཚུལ་ཤེས་དབང་ལ་ཕྱོགས་ཡོངས་ནས་འགན་ལེན་བྱས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཤོག་ལྷེ་དེའི་སྟེང་ལོ་རེའི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་གསལ་པོར་བཀོད་ཡོད་པ་དང་། སྐྱེད་ཀའི་རྣམ་གྲངས་ཚང་མ་ལོ་རེའི་སྐྱེད་ཚད་ལ་ཕབ་པ་དང་འབྲེལ་གཅིག་གྱུར་གྱི་ལོ་རེའི་ཕྱོགས་བསྡུས་མ་གནས་ཐོག་ནས་མངོན་པར་བྱས་ཡོད་པ་རེད།

    “རིགས་ཁག་གི་དངུལ་རྩའི་ཐོན་རྫས་ཀྱི་མིང་ཐོག་སྐྱེད་ཚད་དེ་གཅིག་གྱུར་ཐོག་སྐྱེད་ཚད་དངོས་ལ་བསྒྱུར་བར་བྱེད་པ་དེའང་གསལ་པོར་བཤད་ན། དངུལ་བུན་གཡར་མཁན་གྱིས་དེ་ལྟར་བྱས་ཚེ་དངུལ་བུན་གྱི་མཐའ་མའི་མ་གནས་དངོས་གཙང་རྩིས་རྒྱག་ཐུབ་པར་ཟེར”ཞེས་ཏུང་ཤིས་མེའོ་ཡིས་བཤད་པ་དང་། ཁོང་གིས། སྒྲིག་གཞི་ཁག་གཅིག་གིས་བསྟན་པའི་ཉིན་རེའི་སྐྱེད་ཚད་དང་ཟླ་རེའི་སྐྱེད་ཚད་0.5%ལས་ཟིན་གྱི་མེད་མོད། འོན་ཀྱང་གཏན་འབེབས་བྱས་པའི་བྱེད་ཐབས་ལྟར་ལོ་རེའི་སྐྱེད་ཚད་དུ་ཕབ་རྩིས་བརྒྱབ་ན་10%ཡན་ཟིན་གྱི་ཡོད། གཞན་ཡང་གྲངས་མཚུངས་མ་དངུལ་དང་སྐྱེད་ཀ་འཇལ་བའི་བྱེད་ཐབས་སྤྱད་པའི་ལོ་རེའི་སྐྱེད་ཚད་དངོས་དེ་མིང་ཐོག་སྐྱེད་ཚད་ལས་མཐོ་བ་ཡོད། གཅིག་གྱུར་ཚད་གཞི་ལྟར་བརྩིས་པའི་ལོ་རེའི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་ཀྱིས་དངུལ་བུན་གཡར་མཁན་ལ“སྐྱེད་ཚད་ཀྱི་འཕྲུལ་སྣང”མེད་པ་བཟོ་རོགས་བྱེད་ཐུབ་ཅེས་བཤད།

    “དངུལ་བུན་གཡར་མཁན་གྱི་ངོས་ནས་བརྗོད་ན་བྱ་བཟང་ཞིག་དང་དངུལ་རྩའི་སྒྲིག་གཞིའི་ངོས་ནས་བརྗོད་ན་འགྲན་སློང་ཡིན་ལ་གོ་སྐབས་ཀྱང་ཡིན”ཞེས་ཏུང་ཤིས་མེའོ་ཡིས་བཤད་པ་དང་། ཁོང་གིས“གསལ་རྟོགས་ཤོག་ལྷེ”དེས་དེ་སྔའི་སྐྱེད་ཉུང་འདྲེན་འགུག་དང་གྲོན་དངུལ་མཐོ་བསྡུ་ཟུང་འབྲེལ་གྱི་རགས་ལས་བྱེད་སྟངས་མཇུག་འགྲིལ་རྒྱུ་རེད། དངུལ་རྩའི་སྒྲིག་གཞིས་ཞིབ་ཚགས་ཅན་གྱི་རིན་གོང་གཏན་འཁེལ་དང་ཧེ་བག་ཅན་གྱི་ཞབས་ཞུའི་འགྲན་རྩོད་ལ་ཁ་ཕྱོགས་བསྒྱུར་ཏེ། དེ་བས་ཁ་གསལ་བའི་ཆ་འཕྲིན་ཁྱབ་བསྒྲགས་དང་དེ་བས་སྤུས་ལེགས་ཀྱི་ཞབས་ཞུར་བརྟེན་ནས་འཛད་སྤྱོད་པའི་ཁས་ལེན་ཐོབ་པ་བྱ་རྒྱུ་རེད་ཅེས་བཤད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།