དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཆི་གསོན་ལ་ཐུག་སྐབས་ཞུམ་པ་མེད་པར་གདོང་མཆོང་བྱས།

    ​—— ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་གསེར་རྙེད་ཡན་ལག་ཅུས་མེ་འཁོར་འབབ་ཚུགས་ཀྱི་མདུན་ཕྱོགས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་སྲོག་ཉེན་ལ་མ་བལྟོས་པར་མི་བསྐྱབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-03

    “རྒྱལ་ལམ་109བརྒྱུད་ནས་ནག་ཆུ་གྲོང་རྡལ་གྱི་གོ་རོག་གྲོང་ཚོར་འགྲོ་བའི་ཕྱོགས་སུ། ཟོག་འདྲེན་རླངས་འཁོར་ཆེ་གྲས་ཤིག་ལ་མེ་འབར་ནས་ནང་གི་མི་ཉེན་ཁར་གྱར་འདུག འཕྲལ་དུ་སྐྱོབ་པར་སོང་ཞིག”

    ཟླ་6ཚེས་13ཉིན་གྱི་ཆུ་ཚོད་16དང་སྐར་མ་28ལ། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་གསེར་རྙེད་ཡན་ལག་ཅུས་མེ་འཁོར་འབབ་ཚུགས་ཀྱི་མདུན་ཕྱོགས་མངགས་གཏོང་ཁང་ལ་འཕྲལ་མར་ལས་སྒྲུབ་བྱེད་པར་འགྲོ་དགོས་པའི་བཀའ་རྒྱ་འབྱོར།

    གྱོད་སྒྲུབ་རུ་ཁག་གཉིས་པའི་རུ་དཔོན་རྒྱལ་མཚན་དབང་འདུས་ཀྱིས་འཕྲལ་དུ་ལས་རོགས་ཉེན་རྟོག་པ་ངག་བསྟན་དང་ཡེ་བཟང་ཁྲིད་དེ་ཡུལ་དངོས་ལ་བསྐྱོད་པ་དང་། ལམ་བར་དུ་གསེར་རྙེད་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་ལ་མཉམ་དུ་ཐག་གཅོད་བྱེད་པར་ཡོང་རྒྱུའི་འབྲེལ་བ་བྱས།

    འཆི་གསོན་གྱི་འགག་རྩའི་དུས་སུ་ཁོང་ཚོས་དུས་ཚོད་དམ་འཛིན་གྱིས་ཡུལ་དངོས་སུ་བསྐྱོད་ཅིང་། སྐར་མ་བཞི་ལྷག་ཙམ་ལས་མ་འགོར་བར་དེ་གར་འབྱོར། སྐབས་དེར་རླངས་འཁོར་འོག་ཏུ་མེ་འབར་ནས་གནས་ཚུལ་ཧ་ཅང་ཛ་དྲག་པ་དང་། རྒྱལ་མཚན་དབང་འདུས་ཀྱིས་འཕྲལ་མར་རླངས་འཁོར་ལས་བབས་ཏེ་མེ་གསོད་ཆས་ཁྱེར་ནས་མདུན་དུ་མཆོང་བ་དང་། ངག་བསྟན་གྱིས་རྗེས་སུ་འབྲངས་ནས་རྒྱུག་ལ། ཡེ་བཟང་མགྱོགས་མྱུར་ལམ་མདོ་ཁར་མེ་གསོད་རླངས་འཁོར་ལ་ལམ་སྣེ་སྟོན་པར་སྐྱོད།

    ཛ་དྲག་པའི་གནས་ཚུལ་དེ་གླེང་སྐབས། ཁ་ལོ་བ་ནོར་རྣམ་གྱིས་ད་དུང་སྐད་ངག་ཅུང་འདར་བཞིན་དུ“དེ་དུས་ང་ཞེད་ཐག་ཆོད་ནས་རླངས་འཁོར་ནང་འགུལ་སྐྱོད་ཀྱང་བྱེད་མི་ཕོད། ཐོག་མར་སེམས་ལ་འཁོར་བ་ནི་110ལ་ཁ་པར་བརྒྱབ་ནས་རོགས་རམ་ཞུ་རྒྱུ་དེ་རེད”ཅེས་བཤད།

    ཚང་མས་མཉམ་དུ་འབད་བརྩོན་བྱས་པས་རླངས་འཁོར་གྱི་མེ་ག་ལེར་གསོད་ཐུབ། འོན་ཀྱང་སྐར་མ་གཉིས་ལས་མ་འགོར་བར་གློ་བུར་དུ་ཉེན་ཁ་གཞན་ཞིག་ཐོན་པ་སྟེ། རྒྱལ་མཚན་དབང་འདུས་ཀྱིས་ཁ་ཕྱིར་འཁོར་ནས་ལྟ་བའི་མོད་ལ། ངག་བསྟན་གྱི་ལག་པས་རླངས་འཁོར་གྱི་སྒོའི་ལག་འཇུ་ལ་དམ་པོར་བཟུང་བ་དང་གཟུགས་པོ་རླངས་འཁོར་གྱི་ཟུར་དུ་དཔྱངས་ནས་བརྒྱལ་ཡོད་པ་མཐོང་།

    རྒྱལ་མཚན་དབང་འདུས་ཀྱིས་མེ་གསོད་ཆས་བསྐྱུར་ནས་མདུན་དུ་ཤོར་བ་དང་། ལག་པ་འཐབ་གྲོགས་ཀྱི་ཕུ་ཐུང་ནང་བསྲིངས་ཏེ་ཤུགས་ཀྱིས་འཐེན་པ་ན། གློག་ཆེན་པོ་འཁྱུད་ནས་འཕྲལ་མར་ཕར་དབྱུགས་པ་དང་། ངག་བསྟན་ཡང་རླངས་འཁོར་ལས་ལྷུངས་ཏེ་སར་འགྱེལ།

    ལུས་པོའི་གང་སར་འཚིག་རྨས་བྱུང་བར་མ་བལྟོས་པར་རྒྱལ་མཚན་དབང་འདུས་ཀྱིས་སླར་ཡང་ངག་བསྟན་གློག་ཡོད་ས་ནས་ཕྱིར་དྲུད་པ་དང་། པུས་མོ་སར་བཙུགས་ནས་བྲང་ཁོག་ཡང་ཡང་མནན་ཏེ་སྙིང་ཁམས་གསོ་ཐབས་བྱས་པ་དང་ཆབས་ཅིག ཕྱོགས་མང་པོར་འབྲེལ་བ་བྱས་ནས་རོགས་རམ་ཞུས།

    ཡེ་བཟང་མགྱོགས་མྱུར་ལམ་མདོ་ནས་ཕྱིར་ལོག་པ་དང་། ཉེ་འགྲམ་གྱི་མང་ཚོགས་ཚོ་དང་མཉམ་དུ་ངག་བསྟན་ཉེན་རྟོག་རླངས་འཁོར་ལ་བླུགས་ནས་སྨན་ཁང་དུ་བསྐྱལ། རྒྱལ་མཚན་དབང་འདུས་ཀྱིས་རང་སར་བསྡད་དེ་མེ་གསོད་རུ་མི་དང་མཉམ་དུ་ཉེན་ཁར་གྱར་བའི་ཁ་ལོ་བ་ནོར་རྣམ་སྐྱོབ་ཐབས་བྱས་པ་དང་། མཐར་བདེ་བླག་ངང་བདེ་འཇགས་ཀྱི་གནས་སུ་བསྐྱལ་བ་རེད།

    དྲན་པ་འཐོར་བའི་ངག་བསྟན་མྱུར་སྐྱོབ་ཁང་དུ་འཕྲལ་མར་བསྐྱལ་བ་དང་། དེ་རྗེས་ནོར་རྣམ་དང་རྒྱལ་མཚན་དབང་འདུས་ཀྱང་གཟུགས་པོ་བརྟག་དཔྱད་བྱེད་པར་བསྐྱལ་བ་རེད། རྨས་སྐྱོན་ལ་བརྟག་དཔྱད་བྱས་རྗེས། ངག་བསྟན་གྱི་གློ་བ་དང་རྐང་ལག་སོགས་ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་རྐང་པ་གཡས་པའི་མཐེབ་ཆུང་འཚིག་ཡོད་པ་རེད། རྒྱལ་མཚན་དབང་འདུས་ཀྱི་བྲང་ཁ་དང་། སྙིང་། མཆིན་པ་བཅས་ལ་རྨས་སྐྱོན་བྱུང་ཡོད་པས། ཁོང་གཉིས་པོ་འཕྲལ་མར་ལྷ་སར་མུ་མཐུད་སྨན་བཅོས་བྱེད་པར་བསྐྱལ།

    “དེ་དུས་དུ་བ་ལང་ལོང་དུ་འཁྲིགས་པས། འཁོར་སྒྲོམ་སྟེང་ཟགས་པའི་མཐོ་གནོན་གློག་སྐུད་ལ་དོ་སྣང་མ་བྱུང་། སྐབས་དེར་མེ་ཆུང་དུ་ཕྱིན་པའི་སྐབས་དང་བསྟུན་ཏེ་འབར་གས་མ་བྱུང་གོང་རླངས་འཁོར་ནང་གི་ཁ་ལོ་བ་སྐྱོབ་བསམ་པ་ཡིན”ཞེས་ངག་བསྟན་གྱིས་དྲན་གསོ་བྱེད་བཞིན་དུ་བཤད།

    ད་ཆ་ངག་བསྟན་གྱི་རྐང་པ་གཡས་པའི་མཐེབ་ཆུང་བཅད་ཟིན་པ་མ་ཟད། ད་དུང་སྨན་ཁང་དུ་བརྟག་དཔྱད་སྨན་བཅོས་བྱེད་བཞིན་ཡོད་པ་དང་། རྒྱལ་མཚན་དབང་འདུས་ལས་གནས་སུ་ལོག་ཟིན་ན་ཡང་དུས་ཡུན་རིང་བོར་སྨན་ཟ་དགོས་འཁེལ་བ་རེད། ཁོང་ལ་བཅར་འདྲི་བྱེད་སྐབས། གློག་འཁྱུད་ནས་འཚིག་རྨས་བྱུང་བའི་མཛུབ་མོ་ནག་པོ་གསལ་བོར་མཐོང་ལ། རྨ་ཤུལ་དེ་ལས་སྐབས་དེར་འཆི་གསོན་ལ་ཐུག་པའི་ཛ་དྲག་གི་གནས་ཚུལ་བློ་ངོར་གསལ་ལེར་འཆར་འོང་།

    མེ་སྐྱོན་ཆེན་པོ་བྱུང་ནས་དུས་ཡུན་ཅུང་འདས་པ་ན། ནོར་རྣམ་གྱི་སེམས་ནད་ཀྱང་རིམ་པས་དྭངས་པ་དང་། “ངག་བསྟན་གྱིས་རང་སྲོག་ལ་འཛེམས་པར་ང་རང་བསྐྱབས་པས། ངས་ད་དུང་ལས་ཀ་གང་ཡང་མི་བྱེད་པར་ཞེད་སྣང་དང་དངངས་སྐྲག་ཁོ་ན་བྱས་ནས་བསྡད་ན་ག་ལ་འགྲིག”ཅེས་བཤད། ཁྱིམ་དུ་ཟླ་ཕྱེད་ཙམ་ངལ་གསོ་བརྒྱབ་རྗེས་ཁོང་གིས་ཟོག་འདྲེན་རླངས་འཁོར་ཉམས་བཟོ་བྱེད་འགོ་ཚུགས་ཤིང་། “ངས་རླངས་འཁོར་ཉམས་བཟོ་བྱས་རྗེས་མུ་མཐུད་ལས་ཀ་ཡག་པོ་བྱས་ནས་འཚོ་བ་ཡག་པོ་སྐྱེལ་གྱི་ཡིན། ངག་བསྟན་ཡང་སྔ་ཙམ་དྲག་སྐྱེད་ཡོང་བའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།