ཟོག་འཁོར་ཁ་ལོ་བས་མཁའ་ལམ་གྱི་འཕོ་འགྱུར་གླེང་བ།
ཉིའུ་པའོ་ཧུང་།
ལོ་20ཡི་གོང་ང་ནི་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་མཁན་ཟོག་འཁོར་ཆེ་གྲས་ཀྱི་ཁ་ལོ་བ་ཞིག་ཡིན། ལོ་20ཡི་རྗེས་སུ་ང་ལ“མཁའ་ལམ་གྱི་འཕོ་འགྱུར་བདེན་དཔང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་གདན་ཞུ་འབྱོར་ནས་དུས་ཚོད་ཡོད་མེད་སྐད་ཆ་འདྲི་སྐབས་ངས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར“དུས་ཚོད་ཡོད། ཞུགས་ཀྱི་ཡིན”ཞེས་བཤད་པ་ཡིན།
“ལྷན་རྒྱས་སྐུ་ཁམས་བཟང་། ངའི་མིང་ལ་ཉིའུ་པའོ་ཧུང་དང་སྨྱུག་མིང་ལ་ཉིའུ་ཨར་ཀེ་ཟེར་གྱི་ཡོད། ཟོག་འཁོར་ཆེ་གྲས་བཏང་ནས་ལོ་30ལྷག་འགྲོ་གི་འདུག ལོ་20ཡི་གོང་ངས་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུའི་འཛུགས་སྐྲུན་ནང་ཞུགས་ཏེ་མཚོ་ནག་ལས་ཁུལ་དུ་ལྕགས་ལམ་གྱི་ཁ་རྡེའུ་དང་བསྲེས་རྒྱུ་དབོར་བ་དང་ལམ་སྐྱོར་དང་བྱེ་འགོག་རགས་སྐྱོར་བཟོས་པ་ཡིན”
ཟླ་6ཚེས་24ཉིན་གྱི་སྔ་དྲོ། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་འགྲེམས་སྟོན་ཁང་དུ་ངས་ཉིན་ཐོ་བྲིས་པའི་དེབ་གཉིས་དང་། ཐེ་ཐུང་ཚོགས་པའི་ICགཱ པར་སོགས་ཁྱེར་ནས་ཚང་མར་ངའི་གཏམ་རྒྱུད་བཤད་པ་ཡིན།
ཅ་ལག་རྙིང་པ་དེ་དག་ལ་ཅ་ག་བྱས་ནས་ལོ་མང་པོ་ཕྱིན་སོང་། ཅ་ལག་དེ་ཚོའི་ནང་ངས་ས་བབ་མཐོ་བའི་ས་ཆར་ལས་ཀ་བྱས་པ་དང་འཚོ་བ་བསྐྱལ་བའི་དྲན་ཤེས་མང་པོ་འདུས་ཡོད། དེ་ཡང་ལྗིད་ཐེག་རླངས་འཁོར་ཆེ་གྲས་བཏང་སྟེ་གདང་ལ་སྒྲོལ་སྐབས་གྲོད་པ་བཤལ་ནས་ཚེ་སྲོག་ལ་ཉེན་ཁ་འཕྲད་པ་དང་། ས་མཐོར་ལྟོ་ཆས་ཟ་སྐབས་ཁ་གང་བཟས་ཀྱང་ཡུད་ཙམ་ངལ་གསོ་དགོས་པའི་དཀའ་སྡུག་མྱངས་པ། རྡོ་ཧྲུག་ར་བར་སླེབས་སྐབས་རླངས་འཁོར་གྱི་གཡས་གཡོན་དུ་གློག་དམར་འཁྱུག་པའི་འཇིགས་སྣང་སོགས་ཧ་ཅང་མང་པོ་འཕྲད།
ཉིན་ཐོ་དེ་ང་དང་མཉམ་དུ་འགྲོགས་ནས་ལོ་མང་པོ་སོང་ཡོད། ཁོམ་པ་ཡོད་དུས་ངས་རྟག་ཏུ་ལྟ་ཀློག་བྱེད་ཀྱི་ཡོད། ད་ཆ་ངས་ཉིན་ཐོ་དེ་དག་འགྲེམས་སྟོན་ཁང་དུ་ཕུལ་བ་ཡིན། ངའི་བསམ་པར་དེ་ནི་ཉིན་ཐོ་དེའི་རིན་ཐང་ཆེ་ཤོས་དེ་རེད། དེས་མི་དེ་བས་མང་བས་ངལ་རྩོལ་པ་དཀྱུས་མ་ཞིག་གི་མཐོང་ཚོར་བརྒྱུད་ནས་མཁའ་ལམ་སྐྲུན་སྐབས་དཀའ་ཚེགས་ག་ཚོད་འཕྲད་ཡོད་མེད་དེ་དངོས་འབྲེལ་ཤེས་ཐུབ་ཀྱི་རེད་སྙམ་གྱི་འདུག
བྱ་ལྟར་མྱུར་བའི་མེ་འཁོར་བཀའ་འགྱུར་ཕུག་ལམ་དུ་སླེབས་སྐབས་མཚོ་བོད་ལྕགས་ལམ་གཏེར་ལེན་ཁའི་ལས་ཡུལ་དུམ་བུའི་ཀུའུ་ཧའེ་ཏུང་གིས་ང་ཚོར་ཁོང་གི་མྱོང་བ་གླེང་བྱུང་། ཁོང་གི་ཁྱིམ་ནས་མི་རབས་གསུམ་ལྕགས་ལམ་ལས་དོན་པ་ཡིན་ཞིང་། ཁོང་ང་ལས་ལོ་གཉིས་ཀྱིས་ཆུང་ཡང་ལས་ཀ་བྱས་ནས་ལོ་32ལྷག་ཕྱིན་ཡོད། ལོ་20ནས་བཟུང་ཁོང་གིས་བཀའ་འགྱུར་ཕུག་ལམ་བརྟན་སྲུང་བྱས་ཏེ་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ནས་གཉེར་སྐྱོང་དང་དེ་ནས་སྲུང་སྐྱོང་བར་གྱི་བརྒྱུད་རིམ་ཧྲིལ་པོར་བདེན་དཔང་བྱས་ཡོད།
བཀའ་འགྱུར་ལ་ནི་ངས་རྒྱུས་མངའ་ཆེ་ཤོས་ཡིན། 2014ལོར་ངས་ཟོག་འཁོར་ཆེན་པོ་བཏང་སྟེ་ཐེམ་ཆེན་རྫོང་ནས་རྡོ་སོལ་དབོར་སྐབས་རྒྱལ་ལམ་315བརྒྱུད་ནས་འགྲོ་དགོས་པ་དང་ཉིན་ལྟར་བཀའ་འགྱུར་ལ་རྒྱག་དགོས། ས་བབ་མཐོ་བ་དང་གཡང་གཟར་བ། གུག་ཆ་མང་བ་བཅས་ཀྱི་རྐྱེན་པས་ཉེན་ཁ་ཐེངས་མང་འཕྲད་མྱོང་ལ། ལམ་བུ་དེར་སླེབས་རིམ་བཞིན་དངངས་སྐྲག་སྐྱེ་གི་འདུག ངའི་བསམ་པར་ང་ལ་ཉེན་ཁ་དང་དཀའ་ཚེགས་ཆེ་ཤོས་འཕྲད་མྱོང་ཡོད་སྙམ་བཞིན་ཡོད་ནའང་། ཀུའུ་ཧའེ་ཏུང་གིས་དབྱར་དུས་ཆུ་གཤོང་བ་དང་། དགུན་དུས་འཁྱགས་པ་གཏོར་བ། ལྷགས་པ་རིམ་པ་12བརྒྱབ་ཀྱང་འཇིགས་སྣང་མེད་པར་ས་སྣུམ་གྱི་ཐུང་ཀྲིན་ནང་ཉལ་བསྡད་པའི་གནས་ཚུལ་ཉན་རྗེས་གཞི་ནས་ས་ཆ་གཅིག་པ་ཡིན་ནའང་མི་ལ་ལས་ད་དུང་དཀའ་ཚེགས་དེ་བས་ཆེ་བའི་ལས་ཀ་བྱེད་བཞིན་ཡོད་པ་གཞི་ནས་ཤེས་བྱུང་།
འདི་ནི་ང་དང་འབྲོག་པ་བཀྲ་ཤིས་ཀྱི་ཁ་ཆད་ཅིག་ཡིན།
བཀྲ་ཤིས་ནི་ལམ་ཟམ་རུ་ཁག་གཉིས་པའི་ལས་ཁུལ་འགྲམ་གྱི་འབྲོག་པ་ཞིག་རེད། ང་གཉིས་ནི་ལྕགས་ལམ་གྱི་ཁ་རྡེའུ་དབོར་བའི་ལམ་བར་ནས་ངོ་ཤེས་བྱུང་། ཁོང་གིས་ངའི་མོ་ཊ་བཀག་སྟེ་ཡར་ཙམ་བླུགས་རོགས་ཞེས་བཤད་པ་དང་། ང་གཉིས་དབར་སྐད་བརྡ་ཡག་པོ་ཞིག་མ་འཕྲོད་ནའང་ཕན་ཚུན་གྱི་མིག་ཟུང་ལས་ཟོལ་མེད་ཀྱི་བསམ་པ་དེ་གསལ་ལེར་རྟོགས་ཐུབ་པས། ངས་ཚམ་ཚོམ་མེད་པར་ཁས་བླངས་པ་ཡིན།
ཕྱིས་སུ་ངས་ཁོང་ལ་གཙང་མར་བཀྲུས་ཟིན་པའི་འཕྲུལ་སྣུམ་གྱི་ལྕགས་ཀྲིན་འགའ་སྟེར་བ་དང་། ཁོང་གིས་ང་སྦྲ་གུར་དུ་འབོད་བྱུང་། དེ་ནི་ངའི་མི་ཚེར་ནས་ཆང་བཏུངས་ཐེངས་དང་པོ་ཡིན་ལ་ལུག་ཤ་སྐམ་པོ་བཟས་པའང་ཐེངས་དང་པོ་ཡིན།
དེ་ནས་བྲལ་ཁར་བཀྲ་ཤིས་ཀྱིས་ལྕགས་ལམ་ཤར་གཏོང་ཐུབ་ན་ཧོ་ནན་དུ་ང་རང་འཚོལ་བར་ཡོང་གི་ཡིན་ཞེས་བཤད་བྱུང་།
དེས་ན་ངས་ཁ་པར་གྱི་བརྙན་ཤེལ་ལ་བལྟས་ཏེ་ངའི་བོད་རིགས་གྲོགས་པོ་བཟང་པོ་བཀྲ་ཤིས་ལགས། ང་ནི་ལོ་20ལྷག་གི་གོང་ལྕགས་ལམ་བཟོ་མཁན་གྱི་ཧོ་ནན་གྱི་ཉིའུ་ཨར་ཀེ་ཡིན། གལ་ཏེ་ཁྱེད་རང་གིས་བརྙན་ལམ་འདི་གཟིགས་བྱུང་ན། ངེས་པར་དུ་བརྙན་ལམ་འོག་ཏུ་འཕྲིན་ལན་འཇོག་རོགས། ཁྱེད་རང་མཚོ་བོད་མྱུར་བགྲོད་མེ་འཁོར་བསྡད་ནས་ང་ཡོད་སར་མགྲོན་པོར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་བཤད་པ་ཡིན།
ཟླ་6ཚེས་25ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པར་ང་ཚོ་གཏེར་ལེན་ཁ་གྲོང་ཁྱེར་གྱི་ལེན་ཧུའུ་གྲོང་ཚོར་འབྱོར་བྱུང་། གྲོང་ཚོ་དེ་ནི་སྔོན་མ་རོགས་སྐྱོར་བྱེད་དགོས་པའི་གྲོང་ཚོ་ཞིག་རེད།
ལོ་10ཡི་གོང་ངས་དེ་སྔ་གཏེར་ལེན་ཁ་གྲོང་ཁྱེར་གྱི་བུལ་ཏོག་བཟོ་གྲྭ་ནས་རྡོ་ཐལ་རྡོ་ལེན་མྱོང་བས་ས་ཆ་དེར་རྒྱུས་མངའ་ཡོད། སྐབས་དེ་དུས་གྲོང་ཚོ་དེ་ད་དུང་སྐད་གྲགས་ཆོད་མེད། ད་རེས་ཡོང་སྐབས་དངོས་གནས་འགྱུར་ལྡོག་ཆེན་པོ་ཕྱིན་འདུག ལམ་བར་དུ་འགྲུལ་སྐྱེལ་རླངས་འཁོར་ཆེ་འབྲིང་དང་རླངས་འཁོར་ཆུང་གྲས་མང་པོ་འདུག་ལ་ཡུལ་སྐོར་དང་ལྟ་སྐོར་བྱེད་མཁན་ཡང་མང་པོ་འདུག
གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཡིས་བརྗོད་པ་ལྟར་ན། ད་ཆ་ཨར་འདམ་ལམ་བཏིང་བ་དང་མཚན་མོ་ལམ་སྒྲོན་ཡོད་ལ། གྲོང་མིའི་འཚོ་སྡོད་ཆ་རྐྱེན་ཡང་ལེགས་སུ་ཕྱིན་ཡོད་པ་དང་གྲོང་ཚོ་ཡོངས་གཙང་སྦྲ་དོད་པའི་ཁར་ད་དུང་པད་ཁའི་སྣུམ་དང་། འདེབས་འཛུགས། ཞིང་འཕྲུལ་ཞབས་ཞུ་བཅས་ཟུང་འབྲེལ་གྱི་ཐོན་ལས་འཁོར་འབྲེལ་གྲུབ་ནས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོར་གྱུར་འདུག
དུས་ཚོད་ནི་མེ་འཁོར་རྒྱུག་པ་ལྟར་ཡུད་ཙམ་ཞིག་ལ་འདས་ཤིང་། ང་ཚོ་ཡང་ལྷ་སའི་འབབ་ཚུགས་སུ་འབྱོར་འདུག འདི་གར་ང་ཚོས་ས་མཐོའི་ལྕགས་ལམ་བརྟན་སྲུང་བྱེད་མཁན་ལས་དོན་པའི་མཉམ་སྤྱོད་ཚོགས་འདུར་ཞུགས་པ་ཡིན། ཁོང་ཚོས་ལོ་ན་རྒས་པའི་འགྲུལ་པར་རོགས་པ་དང་བུད་མེད་དང་བྱིས་པར་ལྟ་རྟོག་བྱས་ཏེ། འགྲུལ་པའི་དཀའ་གནད་བསལ་ནས་ལྷག་བསམ་གྱི་དྲོད་ཁོལ་ཟབ་མོ་ཐག་རིང་གི་འགྲུལ་པར་སྟེར་བཞིན་འདུག
ལོ་20ཡི་གོང་ང་ཚོ་ནི་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་མཁན་ཡིན་པས་ལས་ལ་བརྩོན་པའི་ལག་གཉིས་དང་དཀའ་སྤྱད་རྔུལ་ཆུར་བརྟེན་ནས་ལེ་དབར་སྟོང་གི་མཁའ་ལམ་བཏིང་ཡོད། ལོ་20ཡི་རྗེས་སུ་ན་གཞོན་ལྕགས་ལམ་བས་རྒྱུག་མཐུད་དབྱུག་པ་ལག་ཏུ་ཐོགས་ཏེ་མུ་མཐུད་མཁའ་ལམ་བརྟན་སྲུང་གིས་ཐོག་མའི་བསམ་འདུན་ལ་བརྟེན་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་ཞབས་འདེགས་ཞུས་ཏེ་གངས་ལྗོངས་ཀྱི་བདེ་ལམ་སྲུང་བཞིན་མཆིས།
མཚོ་བོད་ལྕགས་ལམ་ནི་ས་མཐོར་བསྐྱོད་སའི་མཁའ་ལམ་ཙམ་མིན་པར། འབད་འཐབ་ཀྱི་ལམ་བུ་དང་། རེ་བའི་ལམ་བུ། མཐུན་སྒྲིལ་གྱི་ལམ་བུ་བཅས་དེ་བས་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།