མཚོ་སྔོན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩར་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་བཏང་བར་ཕན་འབྲས་དངོས་ཐོན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ནས་གནས་ཚུལ་འབྱོར་གསལ། “རི་སྔོན་ཆུ་དྭངས”དེ“གསེར་རི་དངུལ་རིར”རྒྱུན་མཐུད་འགྱུར་བར་སྐུལ་འདེད་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་རྒྱལ་ཡོངས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩའི་དཀར་ཆག》མཚོ་སྔོན་དུ་སྔོན་ལ་ཚོད་ལྟའི་ལག་བསྟར་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩ་མཁོ་སྤྲོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་རེད། ཟླ་5པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩས་ཁེ་ལས(རྣམ་གྲངས)ལ་རིམ་རྩིས་བརྒྱབ་ན་རྣམ་གྲངས་356མཛོད་ནང་འཇུག་རྒྱུར་རྒྱབ་སྐྱོར་བྱས་ཤིང་། དེའི་ཁྲོད་ཁེ་ལས(རྣམ་གྲངས)62ལ་དངུལ་རྩའི་སྒྲིག་གཞིའི་རྒྱབ་སྐྱོར་ཐོབ་པ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་འབྲེལ་ཡོད་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་172.19ལྷག་ཙམ་ཟིན་པ་དེ་2025ལོའི་ལོ་མཇུག་ལས་109%འཕར་ནས། དངུལ་རྩའི་ཐོན་ཁུངས་སྣ་ཚོགས་ཀྱིས་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མཐུན་རྐྱེན་སྦྱར་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་རྒྱལ་ཡོངས་ཀྱི་ཁག་དང་པོར་ཚོད་སྤྱོད་བྱས་པའི《སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩའི་དཀར་ཆག》གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན། བོད་ལྗོངས་བཅས་ཀྱི་ཆུ་འགོའི་འབྱུང་འཕྲོད་དངུལ་རྩའི་མཉམ་ལས་ལས་སྟེགས་ནང་མཉམ་འདྲེས་གཏིང་ཟབ་བྱས་པ་དང་། པེ་ཅིང་འབྱུང་འཕྲོད་དངུལ་རྩ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཞིབ་འཇུག་ཁང་དང་། རི་ཆུའི་རང་བྱུང་སྲུང་སྐྱོང་ལྟེ་གནས་སོགས་ཀྱི་རིགས་གཅིག་མཁས་ཅན་གྱི་རིག་མཛོད་ཚོགས་པ་དང་འཐབ་ཇུས་མཉམ་ལས་གཏིང་ཟབ་བྱས་པ་རེད། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་དམིགས་ཚད་གཉིས་ལ་གཞི་ཚུགས་ཏེ། ཞིང་ཨུད་དངུལ་རྩ་གཞུང་དོན་ཁང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་སོགས་སྡེ་ཚན་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩའི་ཚད་གཞིའི་ཚོད་སྤྱོད་ལས་དོན་གྱི་ལག་བསྟར་ཇུས་གཞི》བཀྲམ་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩ་འཕེལ་རྒྱས་ཡག་པོ་འགྲོ་བའི་སྲིད་ཇུས་ཁོར་ཡུག་ཧུར་ཐག་བཏོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།