དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོས་བཟོས་པ”ནས“ཀྲུང་གོས་བཏོད་པའི”བར་དང་ཀྲུང་གོའི་སྤུས་རྟགས་ཀྱིས་འཛམ་བུ་གླིང་གི་ཡིད་དབང་འགུག་དོན་ཅི་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-03

    ཏའེ་ཝེ·ཧེ་ཀོ


    མི་རྣམས་ཀྱིས་ཀྲུང་གོའི་སྐོར་གླེང་སྐབས་ཐོག་མར་ཡིད་ལ་འཆར་བ་ནི། གཞི་ཁྱོན་ཆེ་བའི་ཐོན་སྐྱེད་རྟེན་གཞི་དང་། བརྟན་ལ་ནུས་ཆེའི་མཁོ་སྤྲོད་འཁོར་འབྲེལ། མཛེས་ཤིང་སྤུས་དག་གི་ཐོན་རྫས་བཅས་རེད། འདས་ཟིན་པའི་ལོ་བཅུ་ཕྲག་རིང་ཀྲུང་གོས་ཕུལ་དུ་བྱུང་བའི་བཟོ་སྐྲུན་ནུས་པ་དང་། འཐུས་སྒོ་ཚང་བའི་ཐོན་ལས་མ་ལག བརྟན་འཁྱོངས་ཀྱི་ཕྱིར་གཏོང་ནུས་པ་བཅས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ཐོན་ལས་ནང་མཉམ་འདྲེས་གཏིང་ཟབ་ཀྱིས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས“ཀྲུང་གོས་བཟོས་པ”ཞེས་པ་གོ་ལ་ཧྲིལ་པོར་སྐད་གྲགས་ཆོད་ཡོད། ཡིན་ནའང་། ད་ཆ“ཀྲུང་གོས་བཟོས་པ”དེ“ཀྲུང་གོས་བཏོད་པའི”ཕྱོགས་སུ་མགྱོགས་མྱུར་སྐྱོད་པ་དང་བསྟུན་ནས། ཕྱི་ཕྱོགས་ཀྱི་ཀྲུང་གོའི་བག་ཆགས་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་སྟེ། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཁོ་ན་ཙམ་མིན་པར་ཉིན་རེ་ལས་མ་འདས་པར་ཚན་རྩལ་གསར་གཏོད་དང་། ཐོན་ལས་རིམ་སྤོར། སྤུས་རྟགས་གཏོད་ཐུབ་པ་བཅས་ལ་མཐུན་རྐྱེན་སྦྱོར་བའི་ཞིང་ས་གཤིན་པོ་ལྟ་བུར་འགྱུར་བཞིན་ཡོད་པ་རེད།

    སྤུས་རྟགས་ནི“ཀྲུང་གོས་བཏོད་པར”ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད། 2014ལོར། ཀྲུང་གོས“ཀྲུང་གོས་བཟོས་པ་དེ་ཀྲུང་གོས་གཏོད་པའི་ཕྱོགས་སུ་སྒྱུར་བ་དང་། ཀྲུང་གོའི་མྱུར་ཚད་དེ་ཀྲུང་གོའི་སྤུས་ཚད་ཀྱི་ཕྱོགས་སུ་སྒྱུར་བ། ཀྲུང་གོའི་ཐོན་རྫས་དེ་ཀྲུང་གོའི་སྤུས་རྟགས་ཀྱི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས”ལུགས་བཏོན་ནས། སྤུས་རྟགས་འཛུགས་སྐྱོང་ལ་ཁ་ཕྱོགས་གསལ་པོ་སྟོན་ཡོད། དེའི་རྗེས་ཀྲུང་གོའི་སྤུས་རྟགས་དེ་རིན་གོང་གི་ལེགས་ཆ་དང་གཞི་ཁྱོན་ཆེ་རུ་གཏོང་བ་ཁོ་ནར་བརྟེན་པའི་སྲོལ་རྒྱུན་གྱི་ཐབས་ལམ་ལས་རིམ་བཞིན་གྲོལ་ནས། ཚན་རྩལ་གསར་གཏོད་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་དག་གི་ཐོན་རྫས་ཇུས་འགོད་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས། འཛད་སྤྱོད་ཉམས་ལེན་ཡག་པོ་བཅས་ལ་བརྟེན་ནས་སྤུས་རྟགས་ཀྱི་རིན་ཐང་རྒྱུན་མཐུད་ནས་མཐོ་རུ་འགྲོ་བཞིན་ཡོད། དབྱིན་ཇིའི་སྤུས་རྟགས་ཀྱི་དངུལ་རྩའི་ཚོགས་པས་ཁྱབ་བསྒྲགས་བྱས་པའི《2026ལོའི་ཀྲུང་གོའི་སྤུས་རྟགས་ཀྱི་རིན་ཐང་རབ་གྲས་500》ཡི་སྙན་ཞུ་ལས་མངོན་པར་གཞིགས་ན། 2026ལོར་ཀྲུང་གོའི་སྤུས་རྟགས་རབ་གྲས་500ཡི་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་2.1ལས་བརྒལ་ནས་ལོ་གོང་མ་ལས་7.6%འཕར་ཡོད། ཁྱུག་དབྱིངས་དང་། པི་ཡ་ཏི། ཧྭ་ཝེ། ཨ་ལི་པ་པ་སོགས་སྤུས་རྟགས་ཀྱི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོ་ཡོད་པ་དེ་ཐོག་ནས་ཀྲུང་གོའི་ཁེ་ལས་ཀྱི་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་ཕྱོགས་སྒྱུར། མི་ཐབས་རིག་ནུས་སོགས་མདུན་གྲལ་ཁྱབ་ཁོངས་སུ་སྟོབས་ཤུགས་ཆེན་པོ་ལྡན་པ་མངོན་ཡོད།

    མིག་སྔར་གོ་ལ་ཧྲིལ་པོའི་འཛད་སྤྱོད་དགོས་མཁོར་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། འཛད་སྤྱོད་པས་ཐོན་རྫས་ཀྱི་ནུས་པར་དོ་ཁུར་བྱེད་པ་ཙམ་མ་ཟད་ཐོན་རྫས་ལས་མངོན་པའི་མཛེས་དཔྱོད་ཀྱི་གནས་རིམ་དང་རིག་གནས་ཀྱི་རིན་ཐང་ལའང་ཉིན་རེ་ལས་མ་འདས་པར་མཐོང་ཆེན་བྱེད་ཀྱི་ཡོད། གཞན་དང་མི་འདྲ་བའི་རིག་གནས་ཀྱི་བསྟན་དོན་དང་འཛད་སྤྱོད་ཀྱི་ཉམས་ལེན་ཐོག་ནས་ཀྲུང་གོའི་སྤུས་རྟགས་ལ་གོ་ལ་ཧྲིལ་པོའི་འཛད་སྤྱོད་པ་དེ་བས་མང་བའི་ཁས་ལེན་ཐོབ་བཞིན་ཡོད། 2025ལོར། ལ་པུའུ་པུའུ་གོ་ལ་ཧྲིལ་པོར་ཁྱབ་ནས་ཀྲུང་གོའི་དར་སྲོལ་རིག་གནས་དང་གསར་དུ་བཏོད་པའི་ཤེས་རིག་བདག་དབང་འཛམ་བུ་གླིང་དུ་སྐྱོད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། 2026ལོར་ཕའོ་ཕའོ་མ་ཐེ་དབྱིན་ཇིའི་སྤུས་རྟགས་དངུལ་རྩའི་ཚོགས་པའི“ཀྲུང་གོའི་སྤུས་རྟགས་ཀྱི་རིན་ཐང་རབ་གྲས500”ཡི་མིང་ཐོའི་ནང་ཐོག་མར་ཚུད་ཐུབ་པ་མ་ཟད་ཨ་སྒོར་དུང་ཕྱུར་30ཡི་སྤུས་རྟགས་རིན་ཐང་ཐོག་ནས་ཨང་106ལ་བསླེབས་ཏེ་ཀྲུང་གོའི་རིག་གནས་ཀྱི་སྤུས་རྟགས་འཚར་ལོངས་བྱུང་བའི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ཀྲུང་གོའི་སྤུས་རྟགས་འདི་ཉིད་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་ཕྱིན་པ་དེ་ཀྲུང་གོའི་སྤྱི་ཡོངས་ཀྱི་འཇམ་ཤུགས་རྒྱུན་མཐུད་ནས་ཆེ་རུ་ཕྱིན་པ་དང་འབྲེལ་བ་དམ་ཟབ་ཡོད། དབྱིན་ཇིའི་སྤུས་རྟགས་དངུལ་རྩའི་ཚོགས་པས་ཁྱབ་བསྒྲགས་བྱས་པའི《2026ལོའི་གོ་ལ་ཧྲིལ་པོའི་འཇམ་ཤུགས་སྟོན་གྲངས》ཀྱི་སྙན་ཞུ་ལས་མངོན་པར་གཞིགས་ན། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་འཇམ་ཤུགས་ཨང་དང་པོ་ནས་བཅུ་པའི་བར་གྱི་སྐར་གྲངས་དཔྱད་བསྡུར་འཕར་བཞིན་ཡོད་པའི་རྒྱལ་ཁབ་འབའ་ཞིག་དེ་ཡིན་པ་དང་། སྟོན་གྲངས་མང་པོ་ཞིག་གོ་ལ་ཧྲིལ་པོའི་ཨང་དང་པོར་བསླེབས་པ་དེ་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་ཤེས་རྟོགས་བྱེད་པར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད། གཞན་ཡང་ཀྲུང་གོས་ཐོངས་མཆན་འགོད་མི་དགོས་པའི“གྲོགས་ཚོགས”རྒྱུན་མཐུད་རྒྱ་ཆེར་བཏང་བ་དང་བསྟུན་ནས། ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་བ་ཀྲུང་གོའི་སྤུས་རྟགས་དང་ཀྲུང་ཧྭའི་རིག་གནས་དང་འབྲེལ་གཏུག་བྱུང་སྟེ་ཕྱི་རྒྱལ་ཡུལ་སྐོར་བས་ཀྲུང་གོར་ཤེས་རྟོགས་ཐུབ་ཚད་དང་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་ཀྲུང་གོའི་སྤུས་རྟགས་འཛམ་གླིང་དུ་སྐྱོད་པར་རྨང་གཞི་བརྟན་པོ་བཏིངས་ཡོད།

    ཀྲུང་གོའི་སྤུས་རྟགས་འཚར་ལོངས་བྱུང་བ་ལས་ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་ཆ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་པ་མཚོན་པ་མ་ཟད། ཀྲུང་གོས་སྒོ་དབྱེ་མཉམ་ལས་དང་གསར་གཏོད་སྐུལ་སྤེལ་མཐའ་འཁྱོངས་བྱེད་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཀྱང་མངོན་བཞིན་ཡོད། “ཀྲུང་གོས་བཟོས་པ”ཡི་གཞི་ཁྱོན་ཆེ་བའི་ལེགས་ཆ་ནས“ཀྲུང་གོས་བཏོད་པ”ཡི་རིན་ཐང་མཐོ་རུ་ཕྱིན་པའི་བར། ཀྲུང་གོའི་སྤུས་རྟགས་ཀྱི་འགྲན་རྩོད་ནུས་པ་གོ་ལ་ཧྲིལ་པོའི་ཁྲོམ་རར་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་པ་མངོན་ཡོད།

    (རྩོམ་པ་པོ་ནི་རྒྱལ་སྤྱིའི་སྤུས་རྟགས་རིན་ཐང་དཔྱད་དཔོག་སྒྲིག་གཞི་ཡིན་པའི་དབྱིན་ཇིའི་སྤུས་རྟགས་དངུལ་རྩའི་ཚོགས་པའི་ཏུང་ཧྲི་ཀྲང་དང་རྒྱལ་སྤྱིའི་ཚད་ལྡན་ཅན་རྩ་འཛུགས་སྤུས་རྟགས་གདེང་འཇོག་ལག་རྩལ་ཨུ་ལྷན་གྱི་ཀྲུའུ་ཞི་ཡིན)

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།