རང་ལྗོངས་ཀྱི་ས་གནས་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་99འཁོར་བར་རྟེན་འབྲེལ་ཞུས་པ།

འདི་ནི་བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས་དཔོན་དམག་སྒྲིག་འཛུགས་བྱས་ཏེ། ས་བབ་སྨི་3500ལྷག་ཙམ་ཟིན་པའི་བོད་ཤར་རྒྱུད་ཀྱི་ས་མཐོར་དམག་དར་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོག་བཞིན་པ།

འདི་ནི་ཉིན་ཤས་གོང་ཆབ་མདོ་གྲོང་ཁྱེར་མཛོ་སྒང་མེ་གསོད་རོགས་སྐྱོབ་སྐབས་བསྟུན་རུ་ཆེན་གྱིས་བཀོད་འཐབ་པ་ཡོངས་སྒྲིག་འཛུགས་བྱས་ཏེ། མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་གླད་དག་གྲོང་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་བཞིན་པ།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་99འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་ཆེད། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་གིས་གསར་བརྗེའི་སློབ་གསོ་རྒྱག་པ་དང་། འཚམས་འདྲིར་བསྐྱོད་པ། རིག་རྩལ་མཉམ་འཁྲབ་སོགས་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་ཏུ་བཏང་ནས། སྤྱི་ཚོགས་ཡོངས་སུ་རྒྱལ་སྲུང་ལ་དོ་ཁུར་དང་། དམག་དཔུང་ལ་རྒྱབ་སྐྱོར། དམག་མིར་གོང་བཀུར་ཞུ་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ་བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་དུ་བསྐྱོད་ནས། གསར་བརྗེའི་སློབ་གསོའི་ལྟ་སྐོར་སློབ་སྦྱོང་གི་བྱེད་སྒོ་སྤེལ་ཞིང་། དམག་དོན་ལོ་རྒྱུས་ཁང་དུ་སྒྲིག་གཤོམ་བྱས་པའི་རྩ་ཆེའི་ལོ་རྒྱུས་པར་རིས་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་འགྲེམས་རྫས། གསོན་ཉམས་ལྡན་པའི་འགྲེལ་བཤད་ཡི་གེ་བཅས་རེ་རེ་ལས་ལས་བྱེད་པ་དང་ལས་བཟོ་ཚོར་བོད་སྡོད་དཔུང་སྡེས་ས་མཐོར་གཞི་ཚུགས་པ་དང་། མཐའ་མཚམས་སྲུང་བ། ས་གནས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་ཕྱོགས་ཡོངས་དང་ཟུར་ཚད་མི་འདྲ་བའི་ཐོག་ནས་རྒྱུས་ལོན་ཐུབ་ཡོད།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་ཤང་དང་གྲོང་རྡལ་དང་། བཅའ་སྡོད་དཔུང་སྡེ་དང་མཉམ་དུ་བརྒྱད་གཅིག་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་ཞིང་། གྲོང་གསེབ་ཀྱི་རིག་རྩལ་རུ་ཁག་གིས་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་བྱས་པ་དང་། བཅའ་སྡོད་བྱ་ཡུལ་གྱི་དཔོན་དམག་ཚོས་སྐད་གསང་མཐོན་པོས་དམག་གླུ་བླངས་པ་དང་རུ་སྟར་གྲལ་འགྲིག་པོ་བསྒྲིགས་ནས་དུས་རབས་གསར་པའི་དམག་མིའི་ཉམས་འགྱུར་མངོན་པར་བྱས་ཡོད། དཔུང་སྡེའི་སྨན་བཅོས་དང་བླངས་ཞབས་ཞུ་རུ་ཁག་གིས་ཀྱང་དམག་ཞབས་ཐིམ་པའི་དམག་མི་དང་། དམག་མིའི་ནང་མི། བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་བཅས་ལ་གཟུགས་པོར་བརྟག་དཔྱད་དང་འོས་འགན་སྨན་བཅོས་སོགས་ཀྱི་ཞབས་འདེགས་ཞུས་པ་མ་ཟད། བདེ་སྲུང་འཕྲོད་སྦྱོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་དམག་དམངས་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་བ་ཟབ་མོ་གང་ལེགས་མཚོན་པར་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གིས་གསར་བརྗེའི་དམག་མི་རྒན་གྲས་ཀྱིས་སྒྲོག་འགྲེལ་བྱེད་པ་དང་། དམག་སྒར་གྱིས་སྒོ་དབྱེའི་རྒྱལ་སྲུང་སློབ་གསོ་སྤེལ་བ། དམག་དམངས་དབར་རིག་གནས་ལུས་རྩལ་གྱི་མཛའ་གྲོགས་འགྲན་བསྡུར་བྱེད་པ། གཉིས་བཀུར་དྲིལ་བསྒྲགས་ས་ཁོངས་ཧྲིལ་པོར་ཁྱབ་གདལ་གཏོང་བ། དམག་བཀུར་ཚོང་ཁང་གི་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་པ་སོགས་གཉིས་བཀུར་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་ཞིང་། སྲིད་དོན་ཚོམས་ཆེན་དང་གྲོང་ཚོ(སྡེ་ཁུལ)ཁག་ཏུ་སྦྱར་ཡིག་བཀལ་ནས་གཉིས་བཀུར་དྲིལ་བསྒྲགས་དང་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་གདན་དྲངས་ཏེ་གསར་བརྗེའི་སྐོར་གྱི་ནང་དོན་སྒྲོག་འགྲེལ་བྱས་པ་མ་ཟད། བཅའ་སྡོད་བྱ་ཡུལ་གྱི་དཔོན་དམག་སྒྲིག་འཛུགས་བྱས་ནས་གསར་བརྗེའི་གློག་བརྙན་བལྟས་པ་རེད།
ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་མེ་གསོད་རོགས་སྐྱོབ་སྐབས་བསྟུན་རུ་ཆེན་གྱིས་བཀོད་འཐབ་པ་ཡོངས་སྒྲིག་འཛུགས་བྱས་ནས་ཝ་མདའ་གྲོང་རྡལ་གླད་དག་གྲོང་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བསྐྱོད་དེ“ཐོག་མའི་བསམ་འདུན་རྒྱུན་འཛིན་གྱིས། མེ་གསོད་འགན་འཁྲི་ཕྲག་ཏུ་འཁུར”ཞེས་པའི་བརྗོད་དོན་གཙོ་བོའི་ལྟ་སྐོར་སློབ་སྦྱོང་བྱེད་སྒོ་སྤེལ་ཞིང་། གསལ་འགྲེལ་པའི་སྣེ་ཁྲིད་འོག་བཀོད་འཐབ་པ་ཚོས་གཡུལ་སྐྱོར་ལག་ཆ་དང་། མི་རིགས་ཀྱི་རྒྱན་གོས། ས་ཞིང་གི་གན་རྒྱ་རྙིང་པ། འཚེམ་དྲུབ་བརྒྱབ་པའི་སྐར་ལྔའི་དར་དམར་སོགས་ཀྱི་འགྲེམས་རྫས་ལ་བལྟས་པ་དང་། ཅ་དངོས་རེ་རེ་དང་། ལོ་རྒྱུས་ཀྱི་དཔྱད་གཞི་རེ་རེ། མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་བཅས་ལས་བཀོད་འཐབ་པ་ཡོངས་ལ་སེམས་འགུལ་ཚད་མེད་ཐེབས་ཡོད།
མངའ་རིས་ས་ཁུལ་གྱིས“དམག་དམངས་སེམས་མཐུན་ལྕགས་རི་རིང་པོ་བསྐྲུན། གཉིས་བཀུར་མཉམ་སྐྲུན་མཐུན་སྒྲིལ་སྐུལ་འདེད་གཏོང”ཞེས་པའི་བརྗོད་དོན་གཙོ་བོའི་གཉིས་བཀུར་གྱི་རིག་རྩལ་དགོང་ཚོགས་གཉེར་ནས་མི་རིགས་ཀྱི་གླུ་གར་དང་། དམག་དཔུང་གི་གླུ་གཞས། སྙན་ཚིག་གྱེར་འདོན་བཅས་རེས་མོས་ངང་བྱས་ཤིང་། དམག་དཔུང་དང་ས་གནས་ཀྱི་མང་ཚོགས་མཉམ་དུ་འཛོམས་ནས་ཉ་ཆུ་ལྟ་བུའི་བརྩེ་སེམས་མཉམ་དུ་གླེང་བ་དང་། རིག་རྩལ་ལ་བརྟེན་ནས་དམག་དཔུང་དང་ས་གནས་དབར་གྱི་སེམས་པ་གཅིག་མཐུན་ཡོང་བ་དང་མི་རིགས་མཐུན་སྒྲིལ་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད། བློ་ཞིབ་མོས་བཟོས་པའི་ལེ་ཚན་རེ་རེ་ཡིས་ས་གནས་མང་ཚོགས་ཀྱི་དམག་བཀུར་བརྩེ་བ་དང་དཔུང་སྡེའི་དཔོན་དམག་གི་མཐའ་སྲུང་འགན་འཁུར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་གསོན་ཉམས་དོད་པོས་མངོན་པས། དེ་གའི་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།
དུས་རབས་གསར་པའི་གཉིས་བཀུར་དཔྱིད་རླུང་གངས་ལྗོངས་ས་མཐོར་ལྡང་བའི་སྐབས། མང་ཚོགས་དང་འབྲེལ་འདྲིས་ཟབ་པ་དང་། དྲོད་ཁོལ་སྟེར་བ། མི་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་ཀྱི་བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེས་དམག་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཏིང་ཟབ་ཏུ་ཕྱིན་པ་མ་ཟད། དམག་དཔུང་དང་ས་གནས་ཀྱི་བར་ཐག་སྔར་བས་ཉེ་རུ་ཕྱིན་ཏེ་དམག་དམངས་དབར་གྱི་ཐུན་མོང་ངོས་འཛིན་དང་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་ཏུའང་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།