ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ལྗོངས་ཡོངས་ཀྱི་བཟོ་ཚོགས་ས་ཚིགས་ཁག་དང་པོ་སྐྲུན་པའི་ཚོད་ལྟ་ལེགས་སྒྲུབ་བྱུང་བ།
2026ལོའི་ལོ་སྟོད་དུ། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་མཛུབ་ཁྲིད་འོག ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གྲོང་ཁྱེར་སྤྱི་བདེ་ཅུས་དང་མཉམ་དུ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་10རུ་ལྗོངས་ཡོངས་ཀྱི་བཟོ་ཚོགས་ས་ཚིགས་ཁག་དང་པོ་སྐྲུན་པའི་ཚོད་ལྟ་ལེགས་སྒྲུབ་བྱས་ཤིང་། ཉེན་དོན་དང་བཟོ་ཚོགས་ཟུང་དུ་འབྲེལ་བའི་མཉམ་འདྲེས་བྱ་ཐབས་སྤྱད་དེ། ལས་རྣམ་གསར་པའི་ངལ་རྩོལ་པ་དང་ཕྱིར་ལས་ཀ་བྱེད་མཁན་ལ་རྣམ་པ་ཀུན་གྱི་དྲོ་སྐྱིད་ལྡན་པའི་ཞབས་འདེགས་ཞུ་ཡུལ་བཏོད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བདམས་པའི་ས་ཚིགས་ཁག་10ཚང་མ་མང་ཚོགས་སྒྱུ་རྩལ་ཁང་དང་། རྫོང་རྒྱབ་ཀླུ་ཁང་། ལམ་ལྔ་མདོ་ཁ་སོགས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཚུད་པའི་གྲོང་ཁུལ་གྱི་མི་ཚོགས་སྟུག་ས་དང་། ལས་རྣམ་གསར་པའི་ངལ་རྩོལ་པ་འགྲོ་སྐྱོད་མང་ས། ཕྱིར་ལས་ཀ་བྱེད་མཁན་གཅིག་སྡུད་ཆེ་ས་བཅས་འདུ་འཛི་ཆེ་བའི་ལམ་དུམ་དུ་བཀོད་སྒྲིག་བྱས་ཤིང་། ས་ཚིགས་ཁག་གི་རྒྱ་ཁྱོན་འདང་ངེས་ཡོད་པ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ། ཉེན་རྟོག་ལས་དོན་གྱི་སྟོབས་ཤུགས་འཛོམས་པ་བཅས་ཡོད་པས། བཟོ་ཚོགས་ཀྱི་ཞབས་ཞུའི་འགན་ནུས་གང་ལེགས་འདོན་ཐུབ་པ་དང་ཞབས་ཞུའི་ཁྱབ་ཁྱོན་ཆེན་པོ་ཡོད་པ་རེད།
ད་ཐེངས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་བཟོ་ཚོགས་ས་ཚིགས་བསྐྲུན་པའི་ཞབས་འདེགས་ཞུ་སྟངས་དོན་འཁྱོལ་ཐུབ་པ་ལས་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་དམངས་ཕན་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་ནུས་ལྡན་དང་། བཟོ་ཚོགས་ཀྱི་ཞབས་ཞུའི་ཁྱབ་ཁོངས་རྒྱ་སྐྱེད། ལས་བཟོར་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་ཐུབ་པ་བཅས་བྱུང་ནས། བཟོ་ཚོགས་དང་ལས་རྣམ་གསར་པའི་ངལ་རྩོལ་པ་དང་ཕྱིར་ལས་ཀ་བྱེད་མཁན་དབར་གྱི་སེམས་ཐག་སྔར་བས་ཉེ་རུ་འགྲོ་ངེས་རེད།
འབྲེལ་ཡོད་གསར་འགྱུར།