ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས་པ།
ཟླ་7ཚེས་31ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། གཅིག་སྡུད་བཅོས་སྒྲིག་ལ་སླར་ཡང་བཀོད་སྒྲིག་དང་སྐུལ་འདེད་བཏང་བ་རེད། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལིའུ་ཅིན་གོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལིའུ་ཅིན་གོ་ཡིས་བསྟན་དོན། ད་ལོ་ནི་ལོ་གསུམ་རིང་གི་གཅིག་སྡུད་བཅོས་སྒྲིག་གི་མཐའ་མའི་ལོ་དེ་ཡིན་པས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་དང་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་མི་དམངས་མང་ཚོགས་ལ་བརྩེ་སེམས་ཟབ་མོ་བཅངས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་གཅིག་སྡུད་བཅོས་སྒྲིག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ནས། ཉིན་མ་གཅིག་ཀྱང་འཕྲོ་བརླག་ཏུ་གཏོང་མི་རུང་། སྣེ་ཁྲིད་སྤྱི་འཛིན་གྱི་ནུས་པ་ཡག་པོ་བཏོན་ནས། ཕྱོགས་ཁག་དང་མཉམ་དུ་ཚད་མཐོའི་ས་ཞིང་འཛུགས་སྐྲུན་དང་། གྲོང་གསེབ་མཉམ་སྡེབ་ཀྱི“མ་རྩ་གསུམ་བསྡུས”ལ་དོ་དམ། སྨན་བཅོས་འགན་བཅོལ་ཐེབས་རྩར་དོ་དམ། རྒན་གསོའི་ཞབས་ཞུ་སོགས་རྒྱལ་ཡོངས་རང་བཞིན་གྱི་བཅོས་སྒྲིག་རྣམ་གྲངས་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་ཡིག་འབུལ་ཞུ་བཅར་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་རང་ཉིད་ཀྱི་བྱ་བར་བརྩིས་ནས་བསྒྲུབས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་སྐྱོང་ཆེན་པོ་དང་གུང་ཁྲན་ཏང་ཡག་པོ་ཡོད་ལུགས་མི་སེར་རྣམས་ཀྱིས་མཐོང་ཐུབ་པ་དང་ཚོར་ཐུབ་པར་བྱེད་དགོས། དངོས་སྒྲུབ་བདེན་གཙོ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྒྲིག་ལ་དམ་འཛིན་བྱས་ཏེ། ཤུགས་རྐྱེན་ཟབ་མོ་ལྡན་པ་དང་དཔེ་མཚོན་གྱི་གྱོད་གཞི་ཁག་གཅིག་སྟོབས་ཤུགས་གཅིག་སྡུད་ཀྱིས་ཐག་གཅོད་ཐུབ་པར་བྱས་ནས། “ཆུང་ཟ་ཆུང་རུལ”ནན་གཅོད་ཀྱིས་ལམ་ལུགས་ཆད་ཤོར་དང་ལྟ་འདོམས་ཆད་ལུས་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་པར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།