ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་ཡིས་མཉམ་འབྲེལ་ཐོག
“དུས་རབས་གསར་པའི་གསར་བརྗེའི་དམག་མི་ཡག་ཤོས”བཅུ་གཉིས་ཁྱབ་བསྒྲགས་བྱས་པ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་སློབ་སྦྱོང་ལག་བསྟར། དུས་རབས་གསར་པའི་ཆབ་སྲིད་དམག་འཛུགས་ཀྱི་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། རྒྱ་ཆེའི་དཔོན་དམག་གིས་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། འགྱུར་མེད་འབད་འཐབ་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བ། ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པ་བཅས་བྱེད་པར་སྐུལ་ལྕག་གཏོང་ཆེད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་99འཁོར་བའི་མཚམས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་ཡིས་མཉམ་འབྲེལ་ཐོག“དུས་རབས་གསར་པའི་གསར་བརྗེའི་དམག་མི་ཡག་ཤོས”12ཁྱབ་བསྒྲགས་བྱས་པ་རེད།
ལི་ཚན་དང་། ཝང་ཞའོ་མིང་། ཝང་ཐའོ། པུའུ་ཅ་ཝུན། ཀྲོའུ་ཧུང་ཁྲའོ། ཀའོ་ཏེ་པའོ། ཀུའུ་ཆའོ་ཡུན། ཝང་ཝུན་པིན། ཀྲང་ཧྥུང་། ཁྲང་ཁྲའོ། ཧྥན་ཧན་ཅེ། ཁྲེན་ཡུས་ཧའོ་བཅས་དཔོན་དམག་12ནི་ཏང་གི་དར་ཆའི་འོག་དམག་ཡོངས་ཀྱི་དཔུང་སྡེས་ཆབ་སྲིད་ཐད་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་ལ་སྐུལ་འདེད་གཏོང་རིང་གི་རླབས་ཆེན་ལག་ལེན་ཁྲོད་ནས་ཐོན་པའི་སྔོན་ཐོན་དཔེ་མཚོན་རེད། ཁོང་ཚོའི་ཁྲོད་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་བྱེད་མཁན་གྱི་ཆབ་སྲིད་ཀྱི་སློབ་སྟོན་པ་དང་གསར་བརྗེའི་ཁྲག་རྒྱུན་བསྐྱངས་ནས་ཉམས་སད་ཐེག་པའི་ལེན་ཏུའེ་འཛུགས་སྐྱོང་གི་དམག་ཁྲིད་རྐང་འཛིན་པ་དང་། དམག་འཐབ་ཇུས་འདོན་ཞིབ་འཇུག་དང་དངོས་འཐབ་མཁས་པའི་ལས་ཁུངས་ཀྱི་བློ་འདོན་པ་དང་དངོས་འཐབ་དངོས་སྦྱོང་གི་དམག་འཐབ་འཇོན་ཐང་ཆེ་བའི་དམིགས་བསལ་དཔུང་སྡེའི་གདོང་སྐྱོད་དམག རྒྱ་མཚོ་ཆེན་པོར་དཔའ་རྩལ་ངོམས་མཁན་གྱི་ཕུལ་བྱུང་བཀོད་འདོམས་པ་དང་དཀའ་སྤྱད་འབད་བརྩོན་གྱིས་མཁའ་དབྱིངས་སུ་ནམ་འཕང་གཅོད་མཁན་གྱི་འཕུར་སྐྱོད་པའི་དཔེ་དམག དམག་འཐབ་ལས་རྣམ་པར་རྒྱལ་ཆེད་བློ་རྩེ་གཅིག་སྒྲིམ་གྱིས་དྲ་འཕྲིན་གཡུལ་སར་གཞོལ་མཁན་གྱི་ཚན་ཞིབ་གདོང་ལེན་པ་དང་གྲལ་འགོར་དམིགས་ཏེ་དམག་ཤུགས་གསར་མ་དང་དེའི་ཁྱབ་ཁོངས་གསར་པར་ཞིབ་འཇུག་བྱེད་མཁན་གྱི་རིགས་གཅིག་མཁས་ཅན། ད་དུང་འཐབ་གནས་ལ་དམ་པོར་དམིགས་ཏེ་གོ་མཚོན་འགན་སྲུང་ལས་ལ་གཞོལ་བའི་བཟོ་བོ་འཇོན་ཐང་ཅན་དང་མཚོ་སྲུང་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྱི་རྒྱལ་སྲུང་སྐུལ་སློང་གི་གདོང་ལེན་པ་སོགས་ཡོད་ཅིང་། ཁོང་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་པ་དང་། རྒྱ་ཆེའི་དཔོན་དམག་ཚོས་ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་ནས། སྲོག་ཤིང་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་པའི་ལྷག་བསམ་རྣམ་དག་གི་གཤིས་རྒྱུད་མཚོན་པ། དམག་ཡོངས་ཀྱི་དཔུང་སྡེས་དམག་སྦྱོང་དམག་གྲབས་བྱེད་ཤུགས་ཆེ་རུ་བཏང་ནས། འབད་འཐབ་འགག་སྒྲོལ་གྱི་ལོ་བརྒྱའི་གསོན་ཉམས་དོད་པའི་ལག་ལེན་མངོན་པ། མི་དམངས་དམག་དཔུང་གིས་སྦྱོང་སྒྲིག་ཞུན་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས། དམག་དཔུང་སྟོབས་ཆེ་རྩེ་གྲའི་ཕྱོགས་སུ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་གང་ལེགས་མངོན་ཡོད་པ་བཅས་རེད།
རྒྱ་ཆེའི་དཔོན་དམག་ཚོས། “དུས་རབས་གསར་པའི་གསར་བརྗེའི་དམག་མི་ཡག་ཤོས”ཀྱི་བྱས་རྗེས་དང་སྙིང་སྟོབས་ལ་སློབ་སྦྱོང་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་བློ་སྒྲིལ་སེམས་སྐྱེད་བྱེད་པ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར། ཆབ་སྲིད་དམག་འཛུགས་ཁྲིད་སྟོན་དུ་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། འགག་སྒྲོལ་དང་བྱས་རྗེས་འཇོག་ཕོད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དམག་དཔུང་གི་དྭངས་གཙང་གཟི་བརྗིད་རྒྱུན་འཁྱོངས། ཆབ་སྲིད་ཀྱི་རྣམ་པ་གསར་པའི་ཐོག་ནས་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུ་བ་བཅས་བྱས་ཏེ། གསར་བརྗེའི་སྔོན་བྱོན་པར་ངོ་མི་གནོང་བ་དང་། ལོ་བརྒྱའི་བྱ་གཞག་གི་རྨང་གཞིར་ངོ་མི་གནོང་བ། དུས་རབས་རླབས་པོ་ཆེར་ངོ་མི་གནོང་བ་བཅས་ཀྱི་དམག་དཔུང་སྟོབས་ཆེན་དང་དམག་དཔུང་དར་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་གྱི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།