རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཅུས་སོགས་ཀྱིས་མཉམ་དུ་ཇུས་གཞི་བཀྲམ་ནས“སྒོ་རྩར”ཀྲུང་ལུགས་གསོ་རིག་བསྟེན་པའི་མྱོང་ཚོར་ཟབ་ཏུ་གཏོང་བ།
ཉིན་ཤས་གོང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཅུས་སོགས་སྡེ་ཚན་11གིས་མཉམ་དུ་བཀྲམ་པའི《སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་དུ་གཏོང་བའི་འདུ་འགོད་ཀྱི་ཀྲུང་ལུགས་གསོ་རིག་གི་བྱ་སྤྱོད་ཇུས་གཞི》ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་པའི་ནང་། ལོ་5ཡི་ནང་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་གི་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་ནས་རིམ་སྤོར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ནི་མང་ཚོགས་ཀྱི་བདེ་ཐང་སྲུང་བའི་འགོག་སྲུང་འཛིང་རགས་དང་པོ་ཡིན། 2030ལོར་སླེབས་སྐབས་རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཀྲུང་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ། གཞི་རིམ་དུ་ཀྲུང་ལུགས་གསོ་རིག་མི་སྣ་བཀོད་སྒྲིག གཞི་རིམ་དུ་ཀྲུང་ལུགས་གསོ་རིག་ལག་རྩལ་ཁྱབ་གདལ་བེད་སྤྱོད། གཞི་རིམ་དུ་ཀྲུང་ལུགས་གསོ་རིག་གི་བདེ་ཐང་རིག་གནས་ཁྱབ་སྤེལ་དང་སྤུས་ཚད་ལེགས་སུ་གཏོང་བ་བཅས་ལ་དམིགས་ཏེ། ཐེངས་འདིའི་ཇུས་གཞིའི་ནང་ཞིབ་ཕྲའི་བྱ་སྤྱོད་7བཀོད་སྒྲིག་བྱས་པར་ཁྱོན་ལས་འགན་གཙོ་བོ་25ཡོད་པ་རེད།
ཞབས་ཞུའི་དྲ་བ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཇུས་གཞིའི་ནང་། རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ནུས་པའི་ངེས་གནས་ཁ་གསལ་བཟོས་ནས་ཀྲུང་ལུགས་གསོ་རིག་སྨན་ཁང་དང་ཀྲུང་ལུགས་གསོ་རིག་སྨན་ཁང་ཆུང་ངུའི་ཞབས་ཞུའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཆབས་ཅིག ཀྲུང་ལུགས་གསོ་རིག་མ་ཡིན་པའི་སྨན་བཅོས་སྒྲིག་གཞིའི་ཀྲུང་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁག་གིས་གཞི་རིམ་དུ་ཀྲུང་ལུགས་གསོ་རིག་གཉེར་བར་སྐུལ་ལྕག་དང་ཚད་ལྡན་དུ་གཏོང་རྒྱུ་རེད།
རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་ཚང་མས་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ལྡན་ཆེད་ཚན་ཉུང་མཐར་ཡང་2རེ་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་སུ་རིག་ལྡན་མཉམ་སྤྱོད་ཀྲུང་ལུགས་གསོ་རིག་ཞབས་ཞུ་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱེད་པ། རིམ་པ་དང་པོ་དང་གཉིས་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་ལ་གསོ་བཅོས་ཟུང་འབྲེལ་གྱི་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱེད་པ་སོགས་ཇུས་གཞིའི་ནང་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ལྡན་ཆེད་ཚན་བཙུགས་ནས་ཀྲུང་ལུགས་སྨན་རྫས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་ནས། གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་གི་ཞབས་ཞུའི་ནང་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་ཟབ་ཏུ་གཏོང་རྒྱུ་ཡིན་པ་བཏོན་ཡོད་པ་རེད།
སྨན་ཁང་འཛུགས་དགོས་ལ་ཤེས་ལྡན་པ་དེ་བས་ཀྱང་གསོ་སྐྱོང་བྱེད་དགོས། ཤེས་ལྡན་པ་ནི་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་ཀྱི་ཐོན་ཁུངས་ཨང་དང་པོ་ཡིན། གཞི་རིམ་དེ་ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་པས་ལས་སྒྲུབ་ལས་གཏོད་བྱེད་པ་དང་ཤེས་ལྡན་པར་འགྱུར་བར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ཚེ། གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་གི་ཞབས་ཞུའི་རྨང་གཞི་གཞི་ནས་བརྟན་དུ་གཏོང་ཐུབ།
ཇུས་གཞིའི་ནང་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་པ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཁ་གསལ་བཏོན་ཡོད་པ་སྟེ། རིམ་པ་མི་འདྲ་བའི་ལས་གནས་གཞིར་བཟུང་རིགས་དབྱེའི་གསོ་སྦྱོང་བྱས་ཐོག་ཤེས་ལྡན་པ་བེད་སྤྱོད་དོ་དམ་གྱི་ཐབས་ལམ་ལེགས་སུ་གཏོང་བ་དང་། གླ་ཕོགས་དང་གོ་མིང་སོགས་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་དོན་པ་ལྟེ་བར་བྱེད་པའི་ཀྲུང་ལུགས་གསོ་རིག་གི་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་ཡུལ་ནི་གཞི་རིམ་ལ“ནམ་ཡང་གནས་ཐུབ་པའི་ཀྲུང་ལུགས་གསོ་རིག་གི་དཔུང་ཁག”ཅིག་སྐྱེད་སྲིང་བྱ་ཆེད་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།