དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་བབ་སྨི་ལྔ་སྟོང་སུམ་བརྒྱ་ལྷག་གི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་དུ།

    དམར་མདངས་བཀྲ་བའི་ཏང་དར་ལྷབ་ལྷུབ་ཏུ་གཡོ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  པན་མིང་ཏེ། ཞུས་ཡུས་ཡའོ། ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2026-08-02

    “མཆེ་བ་འབུས་འདུག”

    ས་དེ་ནི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ཡིན་ཞིང་། ཆ་སྙོམས་ས་བབ་སྨི་5373ཟིན་པས་མཁའ་རླུང་ནང་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་དང་བསྡུར་ན་40%ཡང་ཟིན་གྱི་མེད་ལ། དགུན་གཞུང་ཧྲིལ་པོ་ཟླ་བ་9ཙམ་ཡོད་པ་དང་རྒྱལ་ཡོངས་ནས་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་རེད།

    ཕྱོགས་བཞིར་ལྟ་སྐབས་ལྗང་ཞིང་ནེམ་པའི་རྒྱ་ལྕང་གི་སྡོང་ཕྲུག་ནི་སྐྱེ་འཚར་ཡག་ཤོས་བྱུང་བའི་རྩི་ཤིང་རེད་འདུག

    རྒྱ་ལྕང་གི་སྡོང་ཕྲུག་ལས་ཀྱང་མངོན་གསལ་དོད་པ་ནི་དམར་མདངས་བཀྲ་བའི་ཏང་དར་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་རིང་ཕུ་མ་བྱང་ཐང་ཤང་ཏང་ཨུད་ཀྱི་འགོ་ཁྲིད་ལས་བྱེད་པ་རབ་དང་རིམ་པས་རྒྱུན་ཆད་མེད་པར་ལས་དོན་སྒྲུབ་པ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་ཏེ་འཛམ་གླིང་གི་རྩེ་མོར་དམག་འཐབ་ཀྱི་བཙན་རྫོང་ཞིག་བསྐྲུན་ཡོད།

    “རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་བོད་ཀྱི་ལས་བྱེད་པས‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དར་སྤེལ་བཏང་སྟེ་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། མཚོ་རྩིས་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་བྱས་ནས། ལས་དོན་སྒྲུབ་རིང་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་འཇོན་ཐང་འཕེལ་བ་དང་སྤྱོད་ཚུལ་ལ་ཞུན་བརྡར་གཏོང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་དེ་ཕུ་མ་བྱང་ཐང་ཤང་གི་ཏང་ཡོན་ལས་བྱེད་པ་ཚོའི་མདུན་སྐྱོད་ཀྱི་སྒུལ་ཤུགས་རེད།

    ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་རྡོ་རྗེ་དབང་ཕྱུག་གིས་ཕྲག་སྟེང་གི་འགན་འཁྲི་ཧ་ཅང་ལྕི་པོ་ཡིན་པ་དེ་བས་ཚོར་ཞིང་། “ང་ཚོས་བཀའ་མངགས་སེམས་ལ་བརྟན་པོར་ངེས་ཏེ་དངོས་སྒྲུབ་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱི་བརྟེན་ས་དང་སྙིང་ཉེ་བ་ཡག་པོ་ཞིག་བྱེད་ཀྱི་ཡིན”ཞེས་བཤད།

    ཏང་དར་ལྷབ་ལྷུབ་ཏུ་གཡོ་ཞིང་། ཕུ་མ་བྱང་ཐང་ཤང་དུ་མི་སེམས་དེ་བས་གཅིག་ཏུ་འགྲིལ་ཏེ་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

    ཁོར་ཡུག་ཤིན་ཏུ་ཞན་པའི་ཁྲོད་ནས་ཏང་གཤིས་ལ་ཞུན་བརྡར་ཐེབས་པ།

    “མཆུ་ཏོ་ཡང་སྨུག་པོ་ཆགས་འདུག གསོ་རླུང་ཁམ་གང་རྔུབ་དང”ཞེས་དབྱང་སུང་འཕྲད་སྐབས་རྡོ་རྗེ་དབང་ཕྱུག་གིས་གང་མགྱོགས་དྲན་སྐུལ་བཏང་།

    རྐང་འོག་ཏུ་གངས་འཁྱགས་རྡོག་པས་བརྫིས་པའི་སྒྲ་གྲགས་འོང་བ་དང་གོམ་པ་ཁ་ཤས་ལས་མ་ཕྱིན་ནའང་དབུགས་ཧལ་ཏེ་ངལ་གསོ་དགོས་འཁེལ་གྱི་ཡོད། ཤང་ཏང་ཨུད་ཀྱི་ལས་བྱེད་པ་དབྱང་སུང་ཕུ་མ་བྱང་ཐང་དུ་སླེབས་ནས་ཡུན་རིང་པོ་འགྲོ་ཡི་མེད་པས་ལ་དུག་དྲག་པོ་བརྒྱབ།

    ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་ཡིན་ནའང་རྡོ་རྗེ་དབང་ཕྱུག་དང་ཐོག་ཕུ་མ་བྱང་ཐང་དུ་སླེབས་སྐབས་མགོ་བོའི་ན་ཟུག་གིས་གཉིད་ཁུག་གི་མེད་པ་རེད། “ཁོར་ཡུག་ཤིན་ཏུ་ཞན་ཡང་སེམས་ཤུགས་ཉམས་ན་ཡོང་གི་མ་རེད”“གལ་ཏེ་ཏང་ཡོན་ལས་བྱེད་པས་ཀྱང་སྡུག་རུས་རྒྱག་མ་ཐུབ་ན་མང་ཚོགས་ཀྱི་སྣེ་ཁྲིད་ནས་ལས་ཀ་ཇི་ལྟར་བྱེད་ཐུབ་བམ”ཞེས་རྡོ་རྗེ་དབང་ཕྱུག་གིས་བརྗོད།

    སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་1511ཟིན་ཞིང་། ཁྱོན་བསྡོམས་དུད་ཚང་280དང་མི་1093ཡོད་པའི་ཕུ་མ་བྱང་ཐང་ཤང་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བས་འདི་གར་གང་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་བྱས་ཡོད་དམ།

    འགྱུར་མེད་སྟོབས་ལྡན་གྱི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ནི་ལས་སྒྲུབ་ལས་གཏོད་ཀྱི་འགན་ལེན་གལ་ཆེན་ཞིག་རེད། ཤང་ཡོངས་ཀྱི་ཏང་ཡོན་274ཡིས་མང་ཚོགས་དང་བསམ་བློ་གཅིག་ཏུ་གཏོང་བ་དང་ལས་དོན་མཉམ་དུ་སྒྲུབ་ཀྱི་ཡོད།

    ཕུ་མ་བྱང་ཐང་དུ་སླེབས་ནས་ལོ་3ལྷག་ཙམ་གྱི་་རིང་རྡོ་རྗེ་དབང་ཕྱུག་གིས་ཤང་གི་ལས་བྱེད་པའི་སྣེ་ཁྲིད་དེ་ཤང་ཡོངས་ཀྱི་འཚེར་ས་དང་མཐའ་མཚམས་ཀྱི་ལ་འགོ་ཚང་མར་བསྐྱོད་མྱོང་ཡོད་དེ། ལྷགས་པ་ཚ་ཤོས་ཀྱི་ས་ཆར་ཁོང་ཚོ་འགྲོ་མྱོང་བ་དང་། ས་བབ་མཐོ་ཤོས་ཀྱི་གྲོང་ཚོར་ཡང་ཁོང་ཚོ་སྡོད་མྱོང་ཡོད་ལ། འཁྱོལ་ཁག་ཤོས་ཀྱི་དགུན་དུས་ཀྱི་མཚན་མོར་ཡང་སྡོད་བྱ་བྱེད་མྱོང་ཡོད།

    མི་རིང་བའི་གོང་། ཤར་གསོ་གྲོང་ཚོར་མི་ཧྲེང་རྒན་རྒོན་ཞིག་ལྷ་སར་སྨན་ཁང་ལ་འགྲོ་དགོས་ཀྱང་འཁྲིས་ལ་རོགས་པ་བྱེད་མཁན་མེད་པར་ལུས། གྲོང་ཚོའི་བུད་མེད་ཀྲུའུ་རེན་ཀུན་བཟང་ཆོས་སྒྲོན་གྱིས་གནས་ཚུལ་དེ་ཤེས་རྗེས་ཚམ་ཚོམ་མེད་པར་ཕྲུ་གུ་གཉིས་ནང་མིར་ལྟ་རྟོག་བྱ་རྒྱུར་མངགས་རྗེས་རང་ཉིད་ཀྱིས་རྒན་རྒོན་འཁྲིད་ནས་ལྷ་སར་སྨན་བཅོས་བྱེད་པར་བསྐྱོད་པ་མ་ཟད། ནད་གཞི་མ་དྲག་བར་དུ་རོགས་པར་བསྡད།

    གཞན་གྱིས་ཁོང་ལ“རང་གིས་དེ་འདྲ་བྱེད་དོན་ག་རེ་ཡིན་ནམ”ཞེས་འདྲི་སྐབས།

    “ང་ནི་ཏང་ཡོན་རེད། མང་ཚོགས་ལ་དཀའ་ངལ་ཡོད་དུས་ངས་རོགས་པ་མ་བྱས་ན་སུས་རོགས་པ་བྱེད་ཀྱི་རེད་དམ”ཞེས་ཀུན་བཟང་ཆོས་སྒྲོན་གྱིས་བློ་རྩ་བརྟན་པོས་བཤད།

    “འདི་གར་ཏང་ཡོན་ནི་འགན་འཁྲི་འཁུར་ཕོད་པའི་མཚོན་རྟགས་རེད”ཅེས་ཤར་གསོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྲིད་བདེ་རྡོ་རྗེས“ལོ་གཉིས་ནང་ལ་ང་ཚོའི་གྲོང་ཚོ་ནས་ཆ་སྙོམས་ལོ་རེར་ཏང་ཞུགས་རེ་འདུན་སྐྱེལ་མཁན་མི་དྲུག་བདུན་ཙམ་བྱུང་ཡོད”ཅེས་བཤད།

    རྒྱུན་མཐུད་འབད་འཐབ་ཁྲོད་ནས་དམངས་ལ་བདེ་སྐྱིད་སྐྲུན་པ།

    ཕུ་མ་བྱང་ཐང་གི་ལས་བྱེད་པ་རྣམས་སྤྱིར་བཏང་བྱས་ན་ལོ་3རེ་ལ་བརྗེ་པོ་ཐེངས་རེ་རྒྱག་གི་ཡོད། འོན་ཀྱང་ལས་སྒྲུབ་ལས་གཏོད་བྱེད་སྐབས་སུ་ཞིག་གིས་ཀྱང་རང་ཉིད་ཀྱི་ལས་འགན་འཁུར་ཡུན་ཁོ་ནར་སྣང་འཇོག་བྱས་ནས་སྡོད་ཀྱི་མེད།

    དེ་སྔ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བྱེད་མྱོང་བའི་དབྱང་ཐུང་པོ་ཡིས་2021ལོར་ལས་འགན་འཁུར་ཡུན་ཐིམ་རྗེས་ཤང་ཡོངས་སུ་གསོ་རླུང་དང་དྲོད་རླངས་མཁོ་འདོན་ཡོངས་ཁྱབ་ལ་སྐུལ་འདེད་བཏང་སྟེ་དུད་ཚང་ཚང་མར་སྒྲིག་ཆས་བསྒར་ཡོད། དཀའ་ལས་མང་པོ་བརྒྱབ་ནས་མ་དངུལ་དོན་ཐོག་ཏུ་འཁྱོལ་ཏེ་དུས་འགོའི་ལས་འགོ་བཙུགས་མ་ཐག་ཁོང་གི་ལས་འགན་འཁུར་ཡུན་རིང་ཐིམ་པ་རེད།

    མི་ལ་ལས“‘ལས་གཞུག་མ་འཁྱོལ་བའི་ལས་གྲྭར’གྱུར་ཡོང་སྙམ་པའི”སེམས་ཁྲལ་བྱེད་ཀྱི་ཡོད།

    འོན་ཀྱང་2025ལོའི་ཟླ་9པར་རྡོ་རྗེ་དབང་ཕྱུག་གིས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་རྗེས་མང་ཚོགས་ལ་བློ་བདེ་པོ་གྱིས་ཤིག གསོ་རླུང་དང་དྲོད་རླངས་མཁོ་འདོན་ཡོངས་ཁྱབ་ཀྱི་ལས་ཀ་དེ་སྔར་བཞིན་ཤང་ཏང་ཨུད་ཀྱི་གཙོ་གནད་ལས་ཀ་རེད་ཅེས་བཤད།

    ཁོར་ཡུག་ཤིན་ཏུ་ཞན་པའི་ཁྲོད་དུ་འཚོ་བ་སྐྱེལ་རྒྱུ་ནི་ལས་སླ་པོ་ཞིག་ག་ལ་ཡིན། འོན་ཀྱང་ཕུ་མ་བྱང་ཐང་ཤང་གི་ཏང་ཡོན་ལས་བྱེད་པའི་ཚིག་མཛོད་ནང“སྐྱིད་ཉལ་རྒྱག་པ”ཞེས་པའི་ཡིག་འབྲུ་དེ་དག་གཏན་ནས་མེད།

    ས་ཁུང་གྲོང་ཚོར་ལོ་འཁོར་མོ་བྱེ་རླུང་དྲག་པོ་འཚུབ་པའི་རྐྱེན་གྱིས་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་ཆེད། ཤང་ཏང་ཨུད་ཀྱིས་ཕྱོགས་མང་པོ་ནས་མ་དངུལ་རག་ཐབས་ཞུས་ཏེ་མང་ཚོགས་ཀྱི་འགན་སྲུང་སླར་ཡང་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ནས། དེ་གོང་གསོ་རླུང་དང་དྲོད་རླངས་མཁོ་འདོན་ཡོངས་ཁྱབ་ཀྱི་རྨང་གཞིའི་ཐོག་དུད་ཚང་ཚང་མར“བདེ་ཐང་གི་ཁང་ཆུང”རེ་སྒྱུར་བཀོད་བྱས་ཏེ་ཚ་རླུང་འཕྲུལ་ཆས་དང་ཀུན་ཁྱབ་གསོ་རླུང་བཟོ་ཆས་བསྒར་རྩིས་བྱས། འོན་ཀྱང་ཁང་པའི་གྲུབ་ཆར་སྒྱུར་བཀོད་བྱེད་དགོས་པའི་སྐོར་ཐོས་སྐབས་ཡུལ་མི་ཁག་གཅིག་སེམས་ཁྲལ་ལངས།

    ཏང་ཡོན་གྱིས་མིག་དཔེ་བསྟན་ནས་མང་ཚོགས་ཀྱི་སྙིང་ཉེ་བ་ཡག་པོ་ཞིག་བྱས།

    ས་ཁུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀུན་གྲགས་ཀྱིས་ཨར་ལས་རུ་ཁག་ཁྲིད་དེ་རང་གི་སྒོ་རའི་ནང་ལས་ཀ་བྱས་ནས་ཡུལ་མི་ཚོར་དཔེ་སྟོན་སྣེ་ཁྲིད་བྱས། “ཚང་མ་ངའི་ཁྱིམ་ལ་ལྟ་བར་ཤོག་དང”ཞེས་སྒྲིག་ཆས་བསྒར་ཚར་རྗེས་ཀུན་གྲགས་ཀྱིས་དུད་ཚང་ཚང་མའི་ཡུལ་མི་བོས་ཏེ“ཁྱེད་ཚོ་ལྟོས་དང་། བསད་སྤར་མནན་མ་ཐག་གསོ་རླུང་འདུག”ཅེས་བཤད།

    ཡུལ་མི་ཚོའི་སེམས་ནང་གི་རྡོག་ཁྲེས་ཀྱང་ས་ལ་ཕབ་སྟེ། ན་ནིང་དགུན་ཁ་མ་ཤར་གོང་དུད་ཚང་ཚང་མས“བདེ་ཐང་གི་ཁང་ཆུང”རེ་བརྒྱབ།

    སྤྱིར་བཏང་གི་བརྟན་སྲུང་ཁྲོད་ནས་རིན་ཐང་མངོན་པར་བྱས་པ།

    ལང་ཚོའི་མེ་ཏོག་གང་དུ་བཞད་ཡོད་དམ།

    ཕུ་མ་བྱང་ཐང་ཤང་དུ་སླེབས་ནས་ལོ་གཉིས་སོང་རྗེས་ལོ་28ལ་སླེབས་པའི་ཝུའུ་ཧུད་ཀྱི་སེམས་སུ་འདི་གར་ཡོང་བ་དེ་འགྲིག་པ་ཞིག་ཡིན་པའི་ངེས་ཤེས་སྔར་བས་གསལ་པོ་ཞིག་སྐྱེས། 2024ལོར་ཁོང་དང་། ལི་ཧུང་ཡན། ལི་ཐན་ཅའོ་བཅས་ཕུ་མ་བྱང་ཐང་མངགས་གཏོང་ཁང་གི་བུད་མེད་ཉེན་རྟོག་པ་ཁག་དང་པོར་གྱུར།

    གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་རྒན་རབས་ཚོའི་ས་ནས་མང་ཚོགས་ལ་ཞབས་འདེགས་ཇི་ལྟར་ཞུ་དགོས་མིན་སློབ་སྦྱོང་བྱེད་པ་དང་། མཐའ་མཚམས་སུ་སྐོར་གཡེང་བྱེད་སྐབས་འཁྱགས་པའི་སྲུབས་ཀ་ཡོད་སར་ཞིབ་བཤེར་བྱེད་པ། ཡིད་མུག་སྐབས་དྲོད་ཁོལ་འཁྱིལ་བའི་སེམས་ཁུར་དང་རོགས་རམ་ཐོབ་པ་སོགས་ལོ་གཉིས་ལྷག་ཙམ་གྱི་རིང་བུད་མེད་ཉེན་རྟོག་པ་གསུམ་པོས“འཚོ་གནས་དཀའ་ཁུལ”དུ་གཞི་ཚུགས་ནས་ལས་རོགས་དང་མཉམ་དུ་སྤྱི་ལེ་ངོས་གྲུ་1511གི་མཐའ་མཚམས་ཁུལ་དང་སྤྱི་ལེ་25ཡི་མཐའ་མཚམས་ལམ་ཐིག་སྲུང་སྐྱོང་བྱེད་བཞིན་ཡོད། “ལང་ཚོའི་མེ་ཏོག་མེས་རྒྱལ་དང་མི་དམངས་ལ་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བཞད་དགོས་ངེས་རེད”ཅེས་ཝུའུ་ཧུད་ཀྱིས་བཤད།

    ས་མཐོར་གསོ་རླུང་དཀོན་ཡང་རྩ་ཆེའི་སྙིང་སྟོབས་ལ་ཉམས་པ་མེད་པ།

    ཕུ་མ་བྱང་ཐང་མཐའ་མཚམས་ཀྱི་གསར་བརྗེའི་སློབ་གསོའི་རྟེན་གཞིར“ས་ཕུག”ནས་ལ་མའི་ཁང་པའི་དཔེ་དབྱིབས་བར་དང་། དེ་ནས་བདེ་སྡོད་ཁང་པ་དང་འབྱོར་འབྲིང་ཁང་པའི་པར་རིས་བར་གྱི་སྟབས་བདེའི་འགྲེམས་སྟོན་གྱིས་ལོ་བཅུ་ཕྲག་རིང་གི་འཕོ་འགྱུར་ཆེན་པོ་མངོན་ཡོད།

    “འདི་གར་ལས་ཀ་བྱེད་པར་སེམས་ཤུགས་བརྟན་པོ་དགོས”ཞེས་སྣ་དཀར་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ལུའོ་ཡུན་གྱིས་བཤད་པ་དང་། ཁོང་གིས“ཏང་ཡོན་ལས་བྱེད་པ་མི་རབས་ནས་མི་རབས་བར་གྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དར་སྤེལ་བཏང་སྟེ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་བཏོད་པས། ཕུ་མ་བྱང་ཐང་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད”ཅེས་བཤད།

    དེ་ནས་བྲལ་ཁར། མིག་ལམ་དུ་སླར་ཡང་རྒྱ་ལྕང་གི་སྡོང་ཕྲུག་དེ་དག་མངོན་བྱུང་། སྡོང་ཕྲུག་དེ་དག་ཧ་ཅང་ཆུང་ལ་ཡལ་ག་ཡང་ཤིན་ཏུ་ཕྲ། འོན་ཀྱང་མཐོ་ཚད་ལ་སྨི་5373ཟིན་པའི་ས་མཐོར་རྩ་བ་ཚུགས་པས། ཐང་གཤོངས་ཀྱི་ཤིང་སྡོང་ཆེན་པོ་མང་པོ་ལས་ཀྱང་ཆེ།

    “ང་ཚོ་འདི་གར་རྩ་བ་ཚུགས་དོན་ནི་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བའི་ཆེད་དུ་ཡིན”ཞེས་རྡོ་རྗེ་དབང་ཕྱུག་གིས་བཤད།

    རྒྱང་རིང་དུ། ཏང་དར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།