སྤུན་ཟླ་མི་རིགས་བརྩེ་སེམས་ཟབ། ཁྱིམ་གཞིས་གསར་པ་མཉམ་དུ་བསྐྲུན།
དིང་རིའི་ཡོམ་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྔོན་ཐོན་མཉམ་སྡེབ་ཀྲུང་གོ་བཙོ་སྦྱང་ཚོགས་པ་བཅུ་བདུན་པའི་ཨར་སྐྲུན་སྒྲིག་སྦྱོར་ཡན་ལག་ཀུང་སིའི་སྐོར་བཀོད་པ།
2025ལོའི་ཟླ་1ཚེས་7ཉིན་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཅིང་། དེ་ཡང་ས་ཡོམ་གྱིས་རྐྱེན་པས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཆབ་ཤང་གླ་ལུང་གྲོང་ཚོའི་སྡོད་ཁང་དང་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་ནས་ཡུལ་མི་ཚོ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་སྤོ་དགོས་བྱུང་ཡོད། ཉམས་ཆག་ཆེན་པོ་བྱུང་བའི་ཤུལ་ལ་ལྟ་བཞིན་དུ་མི་རྣམས་ལ་སེམས་འཚབ་ཆེན་པོ་བྱུང་ལ་རེ་སྒུག་ཀྱང་ཆེན་པོ་བྱུང་ཡོད།
ས་ཡོམ་བརྒྱབ་རྗེས། ཀྲུང་གོ་གཏེར་ལྔ་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ལྕགས་བཞུ་ཚན་བཟོ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་བཙོ་སྦྱང་ཚོགས་པ་བཅུ་བདུན་པ་བཅས་ཀྱི་སྤྱི་འདོམས་འོག ཀྲུང་གོ་བཙོ་སྦྱང་ཚོགས་པ་བཅུ་བདུན་པའི་ཨར་སྐྲུན་སྒྲིག་སྦྱོར་ཡན་ལག་ཀུང་སིས་འཕྲལ་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཞུས་ཏེ་ས་བབ་སྨི་4500ཡི་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་ནས་གེགས་རྗེས་བསྐྱར་སྐྲུན་གྱི་ལས་འགན་ལྕི་པོ་ཕྲག་ཏུ་བླངས། དེ་ཡང་ཨར་སྐྲུན་པ་ཡོངས་ཀྱིས“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་བསམ་པའི་གོ་རྟོགས་དེ་བས་མཐོ་བ”བཅས་ཀྱི་དད་སེམས་ལ་བརྟེན་ནས་ཉིན་111རིང་འབད་འཐབ་ལྷོད་མེད་བྱས་པ་དང་ཕྱོགས་མང་པོས་མཉམ་དུ་འགག་སྒྲོལ་བྱས་པས། མི་རྣམས་གནོད་འཚོ་ཕོག་པའི་ལོ་དེ་རང་དུ་ཁང་པ་གསར་པར་སྤོ་ཐུབ་པའི་བསྐྱར་སྐྲུན་གྱི་ངོ་མཚར་བཏོད་ཡོད།
དཀའ་ངལ་ལ་མི་འཛེམ་པར་འགན་འཁྲི་ལག་ལེན་དུ་བསྟར་བ།
མགྱོགས་མྱུར་རོགས་སྐྱོར་བྱེད་པར་འགྲོ་དགོས་པའི་བཀའ་རྒྱ་འབྱོར་རྗེས། ཀྲུང་གོ་བཙོ་སྦྱང་ཚོགས་པ་བཅུ་བདུན་པའི་ཨར་སྐྲུན་སྒྲིག་སྦྱོར་ཡན་ལག་ཀུང་སིས་རྐང་འཛིན་མི་སྣ་མགྱོགས་མྱུར་སྐོང་འཐེན་གྱིས་གེགས་རྗེས་བསྐྱར་སྐྲུན་ཀྱི་ཆེད་སྒྲུབ་ལས་དོན་རུ་ཁག་བཙུགས་པ་དང་། རྣམ་གྲངས་ཀྱི་དོ་དམ་པ་6སྔོན་ལ་གཏིང་སྐྱེས་རྫོང་དུ་ཡོང་ནས་ས་གནས་དེ་གའི་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་སྡེ་ཚན་ལ་གཞོགས་འདེགས་ཀྱིས་གླ་ལུང་གྲོང་ཚོར་བསྐྱོད་དེ། སྡོད་ཁང་གི་གནོད་འཚེ་ཕོག་ཚུལ་ལ་ཞིབ་བཤེར་བྱས་པ་མ་ཟད་ཞིབ་ཕྲའི་གནོད་འཚེ་ཕོག་ཚུལ་ལེབ་བཤེར་བྱས་ཤིང་། ལས་དོན་པས་ས་གནས་ས་ཐོག་གི་གནས་ཚུལ་གོང་ཞུ་བྱེད་ཞོར་དུ་རྒྱབ་ཕྱོགས་ཀྱི་ཁ་གསབ་མི་སྣ་དང་འབྲེལ་བ་བྱས་ནས་ཨར་སྐྲུན་གྱི་དངོས་རྫས་སྣ་ཚོགས་བསྡུ་རུབ་ཀྱི་ལས་ལ་གཞོལ། དེས་ན། དུས་ཐུང་ཉིན་ཤས་རིང་གནས་སྐབས་ཀྱི་གཞུང་ལས་བྱ་ཡུལ་དང་བཅའ་སྡོད་བྱ་ཡུལ་དུ་བཙུགས་ཟིན་པས། ལས་མི་ཚང་མས་འཐབ་ས་དང་པོར་གཞི་ཚུགས་ནས་ཉིན་མཚན་མེད་པར་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་ཡོད།
བསྐྱར་སྐྲུན་གྱི་ལས་དོན་སྒྲུབ་སྐབས་སྡོད་ཁང་ཡག་པོ་སྐྲུན་དགོས་ལ་གྲོང་ཚོའི་ཕུགས་ཀྱི་འཕེལ་རྒྱས་ལའང་བསམ་བློ་གཏོང་དགོས། དེར་བརྟེན། རྣམ་གྲངས་ཚོགས་པས་བསྐྱར་སྐྲུན་གྱི་ཇུས་གཞི་ཡང་ཡང་བཟོས་ཏེ་ཚད་གཞི་མཐོ་བའི་སྒོ་ནས་བོད་ཁང་གསར་པ་ཨར་སྐྲུན་བྱེད་པའི་ཁར། ཡུལ་མིའི་བྱེད་སྒོའི་ལྟེ་གནས་དང་། ཉེན་གཡོལ་ཐང་ཆེན། འཐུང་ཆུའི་ལས་གྲྭ ཨར་འདམ་ལམ་སོགས་ལྷན་སྦྱར་སྒྲིག་བཀོད་རབ་དང་རིམ་པ་སྤྱི་འདོམས་ཀྱིས་བསྐྲུན་པ་དང་དུས་མཚུངས་འཚོ་རྟེན་ལས་སྤྲོད་ཀྱི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས། ས་གནས་དེ་གའི་གནོད་འཚེ་ཕོག་པའི་མང་ཚོགས་ཉེ་འགྲམ་གྱི་ཨར་སྐྲུན་ལས་གྲྭར་ཞུགས་སུ་བཅུག་པས། མང་ཚོགས་ཀྱིས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པ་དང་དུས་མཚུངས་ཁྱིམ་གྱི་སྒོ་རྩ་ནས་ལས་ཀར་ཞུགས་ཏེ་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།
ས་མཐོར་དགུན་ཁ་ཤར་སྔ་བས། མང་ཚོགས་ཚོ་དགུན་ཁ་མ་ཤར་གོང་སྡོད་ཁང་གསར་པར་བདེ་བླག་ངང་སྤོ་ཐུབ་ཆེད། རྣམ་གྲངས་ཚོགས་པས་ངར་ཤུགས་ལྡབ་འཕེལ་གྱིས་འགག་སྒྲོལ་དཀའ་སེལ་བྱས་ཏེ་ཉིན་མཚན་དབྱེར་མེད་ཨར་སྐྲུན་བྱས་ཤིང་། ལས་བྲེལ་ཆེ་སྒང་དུ་འཛུགས་སྐྲུན་པ་150ལྷག་ཙམ་གྱིས་འཐབ་ས་དང་པོར་འབད་འཐབ་བྱེད་པ་དང་འཕྲུལ་ཆས་30ལྷག་ཙམ་གྱིས་རེས་མོས་འཁོར་སྐྱོད་བྱེད་ཀྱི་ཡོད་པ་དང་། རྒྱུན་དུ་ས་གནས་ས་ཐོག་ཏུ་ལས་ཀ་བྱེད་མཁན་140ཡན་ཡོད་པ་རེད།
2025ལོའི་ཟླ་8ཚེས་15ཉིན། གླ་ལུང་གྲོང་ཚོའི་རྣམ་གྲངས་སྔོན་ལ་ལས་མཇུག་འགྲིལ་ནས་རྩིས་སྤྲད་པས་དེ་གནོད་འཚེ་ཕོག་པའི་ཡུལ་མི་ཁང་པ་གསར་པར་སྤོ་མཁན་གྱི་གྲོང་ཚོ་ཁག་དང་པོར་གྱུར་ཡོད། དེ་དང་དུས་མཚུངས་བསྐྲུན་པའི་དྲོད་ཁུག་གྲོང་ཚོ་དང་། གསལ་ལ་སྒང་གྲོང་ཚོ། མཁར་རྔ་གྲོང་ཚོ་བཅས་ཀྱང་ལོ་དེ་གའི་ཟླ་10པའི་ཟླ་དཀྱིལ་དུ་ལས་མཇུག་འགྲིལ་ནས་རྩིས་སྤྲད་པས་རང་སྐྱོང་ལྗོངས་ཀྱིས་སྤྲད་པའི་ཨར་སྐྲུན་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་བ་རེད།
འགག་སྒྲོལ་དཀའ་སེལ་གྱིས་བདེ་སྡོད་ལས་གྲྭ་བསྐྲུན་པ།
ས་བབ་མཐོ་བའི་ས་ཁུལ་དུ་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་སྤེལ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན།
གླ་ལུང་གྲོང་ཚོར་སྐྱོད་པའི་ལམ་ཐག་རིང་ཞིང་འགྲོ་དཀའ་བས་ཨར་ལས་རྒྱུ་ཆ་སྣ་ཚོགས་དབོར་དཀའ་ལ། སྐྱེལ་འདྲེན་འགན་ལེན་བྱ་རྒྱུ་དེ་བསྐྱར་སྐྲུན་གྱི་ལས་དོན་སྒྲུབ་པའི་དཀའ་གནད་གཞན་ཞིག་ཏུ་གྱུར་ཡོད། ལས་གྲྭ་དུས་ཐོག་ཏུ་རྩིས་སྤྲོད་ཐུབ་ཆེད་རྣམ་གྲངས་ཚོགས་པས་རྒྱུན་གཏན་གྱི་སྐྱེལ་འདྲེན་ཇུས་གཞི་ལག་ལེན་མ་བསྟར་བར། ལྗོངས་ཕྱིའི་དངོས་ཟོག་མཁོ་འདོན་བཟོ་གྲྭ་དང་མཐུན་སྦྱོར་བྱས་ཏེ་ཨར་ལས་རྒྱུ་ཆ་ཁག་གཅིག་ཐད་ཀར་མཁའ་ཐོག་ནས་གཞིས་རྩེའི་ཞི་བདེ་གནམ་ཐང་དུ་དབོར་བ་དང་། དེ་རྗེས་ཆེད་གཏོང་རླངས་འཁོར་བཀོད་སྒྲིག་བྱས་ནས་ལས་ཡུལ་དུ་དབོར་ཏེ་ཟོག་འགྲུལ་གྱི་དུས་ཡུན་ཐུང་དུ་གཏོང་གང་ཐུབ་བྱས་ནས་ཨར་སྐྲུན་གྱི་མྱུར་ཚད་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱས་པ་རེད།
ས་གནས་ས་ཐོག་ཏུ་རྩད་ཞིབ་བྱེད་རིང་། རྣམ་གྲངས་ཚོགས་པས་གྲོང་ཚོ་དེ་ས་ཆ་ཀྱོང་ཀྱོང་ཞིག་ཏུ་ཆགས་པས་འབྲུབ་ཆུ་རྒྱས་དུས་ཆུ་ལོག་ཐོན་སླ་བར་བརྟེན་རང་འགུལ་ངང་ཆུ་རགས་བརྒྱབ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བ་རེད། སྲ་ཞིང་བརྟན་པའི་ཆུ་རགས་མཐོང་སྐབས་ཡུལ་མི་གུ་རུ་སྤེན་པས“ཀྲུང་གོ་བཙོ་སྦྱངས་ཚོགས་པ་བཅུ་བདུན་པའི་ཨར་སྐྲུན་སྒྲིག་སྦྱོར་ཡན་ལག་ཀུང་སིས་ང་ཚོར་སྡོད་ཁང་གསར་པ་སྐྲུན་རོགས་བྱས་པ་མ་ཟད། ད་དུང་ང་ཚོའི་བདེ་འཇགས་ཐད་ལའང་བསམ་བློ་གཏོང་གི་འདུག ཁོང་ཚོས་བློ་གཅིག་སེམས་གཅིག་གིས་ང་ཚོ་མི་སེར་ཚོར་བྱ་བ་དངོས་སྒྲུབ་རོགས་བྱེད་ཀྱི་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད།
བློ་གཅིག་སེམས་གཅིག་གིས་མཉམ་སྐྲུན་བྱས་ནས་རྒྱང་ལམ་གསར་པར་སྐྱོད་པ།
གེགས་རྗེས་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་ཁྱིམ་གཞིས་སྐྲུན་པའི་དྲོ་སྐྱིད་ལྡན་པའི་རྣམ་པ་དེ་ནི་མི་སེམས་འགུལ་ཤོས་ཀྱི་རྣམ་པ་ཞིག་རེད།
ཨར་སྐྲུན་བྱ་ཡུལ་དུ་རྣམ་གྲངས་པུའི་བཟོ་པ་ལེང་ཅིན་ལུང་གིས་ལས་ཀ་བྱེད་སྟངས་སློབ་ཀྱིན་ལག་རྩལ་གྱི་གནད་ཆེ་སར་འགྲེལ་བཤད་ཞིབ་ཕྲ་རྒྱག་བཞིན་ཡོད། གླ་ལུང་གྲོང་ཚོའི་ཡུལ་མི་བསོད་ནམས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་དང་སྦྲགས་ལག་ལེན་དུ་བསྟར་གྱི་ཡོད། ལེང་ཅིན་ལུང་གི་མཛུབ་ཁྲིད་ཞིབ་ཚགས་འོག་ཁོང་གིས་མགྱོགས་མྱུར་རྩིག་པ་རྒྱག་སྟངས་དང་འདག་ཞལ་གཏོང་སྟངས་ཁོང་དུ་ཆུད་དེ་ཨར་ལས་ལག་རྩལ་དེ་ཙམ་མ་ཤེས་པ་ཞིག་ནས་བྱང་ཆུབ་པར་གྱུར་ཡོད།
བསོད་ནམས་ཀྱིས“དེ་གར་སྦྱངས་པའི་ལག་རྩལ་ནི་ཧ་ཅང་གར་བཏང་གོ་ཆོད་འདུག ངས་ཀྱང་ང་ཚོའི་སྲོལ་རྒྱུན་གྱི་བཟོ་རྩལ་ཁོང་ཚོར་བསླབས་པ་ཡིན། ཚང་མས་ཕན་ཚུན་སློབ་སྦྱོང་བྱས་པས་གྲུབ་འབྲས་བཟང་པོ་ཐོབ་བྱུང”ཞེས་སེམས་འགུལ་ཐེབས་བཞིན་བཤད།
ས་གནས་དེ་གའི་ངལ་རྩོལ་པ་བསྡུས་པ་དང་ས་གནས་ས་ཐོག་ཏུ་རྩལ་ནུས་བསླབས་པར་བརྟེན། མང་ཚོགས་ཚོས་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་མ་ཟད་འཚོ་བ་སྐྱེལ་བའི་འཇོན་ཐང་ཡང་ཆེ་རུ་ཕྱིན་པས། དེ་ནི་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། “ཨར་སྐྲུན་བྱེད་རིང་ང་ཚོས་ཡུལ་མི་ཚོར་རྩིག་པ་རྒྱག་སྟངས་དང་། འདག་ཞལ་གཏོང་སྟངས། འཕྲུལ་ཆས་གཏོང་སྟངས་སོགས་ཀྱི་རྩལ་ནུས་དམར་ཁྲིད་བྱས་པས། མང་ཚོགས་ཚོས་མཉམ་སྐྲུན་མཉམ་རོལ་ཁྲོད་ཡིད་ཆེས་ཆེར་གཏོང་དང་འཚོ་བ་གསར་པར་ཕྱོགས་ཐུབ་ཡོད”ཅེས་ཀྲུང་གོ་བཙོ་སྦྱངས་ཚོགས་པ་བཅུ་བདུན་པའི་ཨར་སྐྲུན་སྒྲིག་སྦྱོར་ཡན་ལག་ཀུང་སིའི་རྣམ་གྲངས་པུའི་རྒྱུན་ལས་ཅིང་ལི་གཞོན་པ་ལིའུ་ལེ་ཡིས་བཤད།
སྡོད་ཁང་གསར་པར་སྤོས་པའི་ཉིན་དེར། ཡུལ་མི་ཚོས་ལག་ཏུ་དཀར་གཙང་ཁ་བཏགས་ཁྱེར་ནས་ཨར་སྐྲུན་པ་ཚོར་ཐུགས་རྗེ་ཆེ་ཞེས་ཞུས་ནས་སྟབས་བདེའི་སྐད་ཆ་ལས་བསྐྱར་སྐྲུན་ལམ་བུའི་ཐོག་ཆགས་པའི་བརྩེ་བ་ཟབ་མོ་མཚོན་བཞིན་ཡོད། ཨར་སྐྲུན་ལག་རྩལ་ཁོང་དུ་ཆུད་པའི་ཡུལ་མི་ཚོས་ཁོད་སྙོམས་པའི་གྲོང་གསར་འགྲོ་ལམ་ཐོག་རེ་བས་ཕྱུག་པའི་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།