དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཤེས་རིག་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཤེས་རིག་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཤེས་རིག་བདག་དབང་གི་ལས་དོན་སྤེལ་བའི་དམིགས་ཚད་དང་། གཙོ་གནད་ལས་འགན། ཆེད་དོན་འདུ་འགོད་བཅས་ཁ་གསལ་བཟོས་པ་རེད།

    《འཆར་འགོད》ནང་ཕྱོགས་བཞིའི་ཐད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་སྟེ། གཅིག་ནས་ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཤེས་རིག་བདག་དབང་སྲུང་སྐྱོང་གི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཤེས་རིག་བདག་དབང་གི་བཅའ་ཁྲིམས་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཤེས་རིག་བདག་དབང་སྲུང་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཤེས་རིག་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་དང་། གཉིས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤེས་རིག་བདག་དབང་བེད་སྤྱོད་ཀྱི་ཕན་ནུས་ཆེ་རུ་ཤུགས་ཆེན་གཏོང་བ་དང་། ཤེས་རིག་བདག་དབང་གཞན་སྒྱུར་བེད་སྤྱོད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཀྱི་ཤེས་རིག་བདག་དབང་མཁོ་སྤྲོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཤེས་རིག་བདག་དབང་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། གསུམ་ནས་ནུས་ཕྱོད་མཐོ་བའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཤེས་རིག་བདག་དབང་གི་ཕྱོགས་བསྡུས་དོ་དམ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་རིག་བདག་དབང་གི་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ཤེས་རིག་བདག་དབང་གི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། ཤེས་རིག་བདག་དབང་གི་སྤྱི་ཚོགས་མཉམ་བཅོས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ། བཞི་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་ཞབས་འདེགས་ཞུ་བའི་ཤེས་རིག་བདག་དབང་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་གོ་ལ་ཧྲིལ་པོའི་ཤེས་རིག་བདག་དབང་བཅོས་སྐྱོང་ནང་གཏིང་ཟབ་ཞུགས་པ་དང་ཤེས་རིག་བདག་དབང་གི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་རྒྱུན་མཐུད་ཟབ་ཏུ་གཏོང་དགོས་པ། དེ་དང་ཆབས་ཅིག འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་ཤེས་རིག་བདག་དབང་སྲུང་སྐྱོང་གི་འདུ་འགོད་དང་། ཤེས་རིག་བདག་དབང་དང་མི་ཐབས་རིག་ནུས་ཕྱོགས་གཉིས་ནས་མཐུན་རྐྱེན་སྦྱོར་བའི་འདུ་འགོད། ཤེས་རིག་བདག་དབང་གིས་ས་ཁོངས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འདུ་འགོད། “རྒྱུད་གཅིག་ལམ་གཅིག”གི་ཤེས་རིག་བདག་དབང་གི་སྤུས་ཚད་མཐོ་བའི་མཉམ་ལས་འདུ་འགོད་སོགས་ཆེད་དོན་འདུ་འགོད་12བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།