“ཀྲུང་གོའི་སྤྱོད་གོ་ཆོད་པའི་བྱེད་སྟངས་ཀྱིས་མི་རྣམས་ལ་བློ་སྒོ་ཕྱེ་ཡོད”
དབྱར་ཟླ་ར་བའི་ཧུའུ་ཧོ་ཧའོ་ཐེ་རུ་མུ་མཐའ་མེད་པའི་རྩྭ་ཐང་སྟེང་གི་ཡུལ་སྲོལ་གོམས་གཤིས་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་གསོན་ཤུགས་ཕན་ཚུན་འདྲེས་ཡོད། ཉེ་ཆར་ཀྲུང་ཧྭ་བུད་མེད་སློབ་གླིང་གིས་གཉེར་འགན་འཁུར་བ་དང་ནང་སོག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱབ་སྐྱོར་བྱས་ནས་གཉེར་བའི“རྒྱུད་གཅིག་ལམ་གཅིག”རྒྱལ་ཁབ་ཀྱི་བུད་མེད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་རིག་གནས་ཡུལ་སྐོར་དང་སྐྱེ་ཁམས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཧུའུ་ཧོ་ཧའོ་ཐེ་རུ་གཉེར་བ་དང་། རྒྱལ་ཁབ་8དང་རྒྱལ་སྤྱིའི་རྩ་འཛུགས་1ནས་ཡོང་བའི་སློབ་མ་23གྱིས་སློབ་ཁང་དུ་སློབ་ཁྲིད་དང་། ལྟ་སྐོར་རྟོག་ཞིབ། རིག་གནས་ཉམས་ལེན། བཞུགས་མོལ་སྤེལ་རེས་སོགས་ཀྱི་རྣམ་པའི་ཐོག་ནས་ནང་སོག་གི་རིག་གནས་ཡུལ་སྐོར་དང་། སྐྱེ་ཁམས་སྲུང་སྐྱོང་། བུད་མེད་ཀྱིས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་བཅས་ཐད་ཀྱི་ལག་ལེན་ལ་དབྱིངས་ཞུགས་རྣམ་པའི་བརྟག་ཞིབ་བྱས་ཏེ། ཀྲུང་གོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་དང་རིག་གནས་ཐོན་ཁུངས་བེད་སྤྱོད་སོགས་ཀྱི་ཉམས་མྱོང་དང་བྱེད་སྟངས་ཤེས་རྟོགས་བྱས་པ་རེད།
སློབ་ཁང་སློབ་ཁྲིད་དེ“ཡུལ་སྐོར་ཐོན་ལས་དང་སྡེ་ཁུལ་འཕེལ་རྒྱས་ཁྲོད་ཀྱི་བུད་མེད་ཀྱི་ནུས་པ”དང“རིག་གནས་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་དེང་རབས་འཚོ་བ་མཉམ་འདྲེས”ཞེས་པ་བརྗོད་བྱར་བྱས་ཤིང་། སློབ་མ་ཚོས་ས་གནས་དེ་གའི་བུད་མེད་ཁེ་ལས་མཁས་ཅན་དང་། སྡེ་ཁུལ་གྱི་ལས་དོན་པ། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ལས་གཉེར་པ་བཅས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཉམ་སྤྱོད་བྱས་པ་རེད། “སྤེལ་རེས་བརྒྱུད། ཀྲུང་གོས་ས་གནས་དེ་གའི་རིག་གནས་ཤུལ་བཞག་ཁྱབ་གདལ་གཏོང་བ་དང་དེ་བཞིན་འབྲེལ་ཡོད་རིག་གནས་བསམ་བཀོད་ཐོན་རྫས་གསར་སྤེལ་བྱེད་པའི་ཉམས་མྱོང་དང་བྱེད་སྟངས་ང་ཡིས་ཤེས་བྱུང་། རིག་གནས་ཤུལ་བཞག་གསར་གཏོད་ཐད་ཀྲུང་གོའི་སྤྱོད་གོ་ཆོད་པའི་བྱེད་སྟངས་ཀྱིས་མི་རྣམས་ལ་བློ་སྒོ་ཕྱེ་ཡོད”ཅེས་ཨེ་ཙེ་ཨོ་ཕི་ཡའི་ཀེ་ནེ་ཐེ·ཀེ་ཏེ་ཧྥ·ཨ་ཡ་ལུའུ་ཡིས་བརྗོད།
ཟབ་སྦྱོང་བྱེད་རིང་། སློབ་མ་ཚོ་ད་དུང་ཁྲི་ལེ་ཁྲོན་རྩྭ་ཐང་གི་ཡུལ་སྐོར་སྤྲོ་གསེང་ཁུལ་དང་དབྱི་ལི་དེང་རབས་བདེ་ཐང་རིག་ལྡན་གྲོག་རོང་སོགས་སུ་བསྐྱོད་དེ་ས་གནས་དེ་གས་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་བུད་མེད་ཀྱི་ལས་གཏོད་ལ་སྐུལ་ཁྲིད་དང་སྲོལ་རྒྱུན་རིག་གནས་ཐོན་ཁུངས་གསོག་ཐེབས་ཕན་སྒྱུར་གྱི་གསོན་ཉམས་ལྡན་པའི་ལག་ལེན་ལྟ་སྦྱོང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།