རང་ལྗོངས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་འབྲུབ་འགོག་བདེ་འཇགས་ཀྱི་མཐའ་ཚད་བརྟན་དུ་བཏང་བ།

ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ཕྱུག་པོ་གཞུང་ཤང་ཕུ་ཤར་གྲོང་ཚོར་ཆུ་ལོག་གནོད་འཚེའི་འཕྲལ་སྡོམ་ཐག་གཅོད་ཀྱི་དངོས་འཐབ་ནང་སྦྱོང་བྱས་ཤིང་། འདི་ནི་དངོས་འཐབ་ནང་སྦྱོང་བྱ་ཡུལ་ཡིན་པ།
མིག་སྔར། རང་ལྗོངས་སུ་ཕྱོགས་ཡོངས་ནས་འབྲུབ་ཆུ་རྒྱས་དུས་ལ་སླེབས་ནས་དུས་ཐུང་ནང་དྲག་ཆར་འབབ་པའི་གནམ་གཤིས་ཡང་སེ་བསྟན་པས། གྲོང་ཁྱེར་དུ་ཞོད་སྐྱོན་དང་། ཆུ་ལོག རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་ཆེད། ཉེ་དུས་རང་ལྗོངས་ཀྱི་ས་གནས་ཁག་གིས་འབྲུབ་འགོག་ཐན་འགོག་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམིགས་ནས་ས་ཁོངས་ཧྲིལ་པོར་སྤྱི་འདོམས་དོ་དམ་ཚོད་འཛིན་བྱེད་པ་དང་། གཞི་རིམ་ལ་མཐུན་རྐྱེན་གནད་སྨིན་སྦྱོར་བ། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་དང་ཉེན་གཡོལ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་འབྲུབ་དུས་ཀྱི་བདེ་འཇགས་འགོག་ཟོན་དྲ་བ་ཕྱོགས་ཡོངས་ནས་དམ་དུ་བཏང་ཡོད།
ཉེ་ཆར། ལྷ་ས་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོ་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དུ་བསྐྱོད་དེ་འབྲུབ་དུས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཆེད་དོན་གསོ་སྦྱོང་བྱས་ཤིང་། དེ་གའི་གནམ་གཤིས་དང་ས་བབ་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་སློབ་ཚན་འཚོགས་ནས་འགྲེལ་བཤད་རྒྱག་པ་དང་། གྱོད་དཔེ་དྲངས་ནས་ཉེན་ཟོན། བཀོལ་སྤྱོད་མཛུབ་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འབྲུབ་འགོག་གྲལ་བཤེར་དང་། གཤོང་སར་དོ་དམ་ཚོད་འཛིན། ཉེན་གཡོལ་རང་སྐྱོབ་སོགས་ཀྱི་རྒྱུན་ཤེས་བསླབས་པ་རེད།
འབྲུབ་ཆུ་རྒྱས་ཚུན། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཁམ་བུ་ཤང་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ས་བབ་མཐོ་སར་བསྐྱོད་དེ། མཚོ་དང་མཚེའུ་རེ་རེ་བཞིན་ལ་ཆུའི་ཤོང་ཚད་ཆེ་ཆུང་དང་། འཁྱགས་རགས་བརྟན་པོ་ཡིན་མིན། འཁྱགས་རོམ་ཉིལ་བའི་ཉེན་ཁ་ཡོད་མེད། ཆུའི་སྨད་རྒྱུད་དུ་ཆུ་ལོག་གཤོང་ས་འགག་ཡོད་མེད་བཅས་ལ་ཞིབ་བཤེར་བྱས་ཏེ་ཉེན་ཁ་འཕྲད་པའི་གྲོང་ཚོ་དང་། ཆུ་ཚན་རྒྱག་སའི་ཡུལ་སྐོར་ཁུལ། གཞུང་ལམ། ཟམ་པ་སོགས་ལ་གྲལ་བཤེར་གནད་སྨིན་བྱས་པ་མ་ཟད། ཤང་ཡོངས་ཀྱི་འཁྱགས་མཚོའི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ས་ཡུལ་དངོས་ལ་ཁྱོན་ཡོངས་ནས་རྩད་ཞིབ་བྱས་ཏེ་སེམས་ལ་གྲ་སྒྲིག་ཡོད་པར་བྱས་ཡོད།
“ཟླ་བདུན་པའི་ཟླ་སྨད་ནས་བརྒྱད་པའི་ཟླ་སྟོད་བར”ནི་འབྲུབ་འགོག་གི་འགག་རྩའི་དུས་ཡིན་པས། ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་དུས་ཐོག་ཏུ་རྫོང(གྲོང་ཁྱེར་དང་ཆུས)བདུན་ལ་འབྲུབ་དུས་གཙོ་བོའི་ལས་ཀའི་དྲན་སྐུལ་ཡི་གེ་བསྐུར་ནས། ཆུ་མཛོད་ཀྱི་ཆུ་ཁ་མཐོ་རུ་འགྲོ་བར་ཚོད་འཛིན་དང་ཆུ་ལོག་གི་སྔོན་བརྡ་གཏོང་བའི“གཞོགས་འདེགས་གཉིས”དང་། ཆུ་ཚོད་24རིང་གི་ལས་བྱ་སྡོད་རེས་སོགས་ཀྱི་དོ་ནན་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པར་ལྟ་སྐུལ་བྱས་པ་དང་། ཉིན་ལྟར་ཆེད་མིས་ཆུ་རགས་ལ་སྐོར་ཞིབ་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ཏེ་བྲག་ཡིབ་ཆུས་ཀྱི་གྲོང་ཁུལ་དུམ་བུའི་ཆུ་ལམ་དང་ཆུ་རགས་ལ་སྐོར་ཞིབ་བྱས་ནས་ཆུ་རགས་ཀྱི་མངོན་མེད་རྐྱེན་ངན་དང་། ཆུ་ལམ་འགག་པ། ཆུ་ཁ་དང་ཉེ་སའི་ཉེན་ཁ་བཅས་ལ་གཙོ་གནད་ཐོག་གྲལ་བཤེར་བྱས་ཡོད།
ཟླ་བདུན་པར་འབྲུབ་དུས་ཤར་བ་ནས་བཟུང་། དྲག་ཆར་བསྟུད་མར་བབས་པས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཉི་མ་ཤང་ཁོངས་གཏོགས་ཀྱི་གཞུང་ལམ་ལ་སྐྱོན་ཤོར་བ་དང་ཟམ་པ་རྡིབ་པའི་གནས་ཚུལ་ཐོན་ཡོད། གཙང་ཆུ་རྒྱས་པའི་གནས་ཚུལ་ལ་དམིགས་ནས་ཉི་མ་ཤང་གིས་འཕྲལ་མར་འབྲུབ་འགོག་གི་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་བའི་ཐོག གསེར་རྙེད་ཆུས་ཀྱི་འཕྲལ་སྡོམ་དང་། ཆུ་བེད། འགྲིམ་འགྲུལ་སོགས་སྡེ་ཚན་དང་མཉམ་འགུལ་བྱས་ཏེ་ས་ཡུལ་དངོས་ཀྱི་ཆུ་ཁ་རྒྱས་པའི་གནས་ཚུལ་ལ་ཞིབ་བཤེར་དང་། མངོན་མེད་རྐྱེན་ངན་མཐིལ་རྟོགས། འབྲུབ་འགོག་དངོས་ཟོག་བཀོད་སྒྲིག་བཅས་བྱས་པ་མ་ཟད། བྱེ་སྒྱེ་2000ལྷག་ཙམ་གྲོང་ཚོ་ཁག་ལ་དུས་ཐོག་ཏུ་སྤྲད་པ་དང་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་མངོན་མེད་རྐྱེན་ངན་སེལ་བ་དང་། གཞུང་ལམ་ཤར་གཏོང་བྱེད་པ། མང་ཚོགས་ལ་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་ཡོད།
ད་ལོ་ནས་བཟུང་། མངའ་རིས་སུ་ཆར་ཆུ་མང་བའི་གནམ་གཤིས་བསྟན་པས། ས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ་གཏོང་བ། འབྲུབ་དུས་ཀྱི“གཞོགས་འདེགས”ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། རྒྱུན་རྣམ་ཅན་གྱི་སྒོ་ནས་རང་བྱུང་གནོད་འཚེའི་ཉེན་ཁའི་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་ཀྱི་ཚོགས་འདུ་ཐེངས་3འཚོག་པ་དང་། གཙང་པོ་དང་། ཆུ་བོ། ཆུ་མཛོད་བཅས་ཀྱི་ཆུ་ཁ་མཐོ་རུ་འགྲོ་ཚུལ་ལ་དམ་པོར་དམིགས་པ། འབྲུབ་འགོག་དང་ཆུར་ལྷུང་བ་སྔོན་འགོག་གི་གཙོ་གནད་ལས་དོན་ལ་དམིགས་པ་བཅས་བྱས་ཏེ། རིམ་རྩིས་བརྒྱབ་ན་ཉེན་ཁའི་སྔོན་བརྡ་སྣ་ཚོགས་ཐེངས་362དང་འབྲུབ་འགོག་གི་དྲན་སྐུལ་ཆ་འཕྲིན་ཁྲི་36ལྷག་ཙམ་བཏང་ནས་ཉེན་ཁའི་སྔོན་བརྡ་ས་ཁོངས་ཡོངས་དང་ཁུག་གསང་ཚང་མར་ཁྱབ་པར་བྱས་པ་དང་། ལེབ་བཤེར་རྣམ་པའི་ཉེན་ཁ་གྲལ་བཤེར་བྱས་པར་རིམ་རྩིས་བརྒྱབ་ན་རང་བྱུང་གནོད་འཚེའི་མངོན་མེད་རྐྱེན་ངན་ཁག་591གྲལ་བཤེར་དང་ཁག་485ལ་དག་ཐེར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།