ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།
སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུའི་གཏན་འཁེལ་བྱས་པ་དང་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་7ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས། ད་ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོག་རྒྱུའི་གཏན་འཁེལ་བྱས་པ་དང་། ཚོགས་འདུའི་གྲོས་རིམ་གཙོ་བོ་ནི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སེང་ཞུ་རྒྱུ་དང་། རྒྱུན་སྲིང་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད། ཚོགས་འདུའི་ཐོག་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་བ། ཏང་དང་མི་དམངས་ལ་ཏང་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་ཐོབ་ཡོད། དེ་དང་ཆབས་ཅིག འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བ་དང་བསྟུན་ནས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ལ་ཡང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོ་འཕྲད་ཡོད། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་བ་དང་། ཏང་གི་འོས་འགན་དང་འགན་འཁྲི་ལེགས་པར་སྒྲུབ་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཐོག གདེང་ཚོད་བརྟན་པོ་དང་ངེས་ཤུགས་རྒྱུན་འཁྱོངས་ཀྱིས་ཚད་གཞི་དེ་བས་མཐོ་བ་དང་དེ་བས་དངོས་སྒྲུབ་ཀྱི་བྱ་ཐབས་ཀྱིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་ཆེའི་ཉམས་མྱོང་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས། ཏང་འཛུགས་སྐྱོང་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་དང་ཐག་གཅོད་ཡག་པོ་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་རིང་གྲུབ་པའི་ཆབ་སྲིད་ཀྱི་གནས་བབ་ཡག་པོ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ། ཏང་གི་སྒྲིག་ཡིག་རྩ་བར་བཟུང་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། ཏང་གི་ཡུན་རིང་སྲིད་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བཅས་ལ་དམིགས་པ། དགོངས་གཞི་ནན་པོ་མཐའ་འཁྱོངས་ལ་གཡོ་འགུལ་མི་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱེད་པ། ཏང་གི་ཕྱོགས་ཁག་གི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སྤེལ་གང་ལེགས་གཏོང་བ། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་ཟམ་མི་ཆད་པར་མངོན་འགྱུར་ཡོང་བ་བྱས་ནས། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱིས་ལྷག་བསམ་རྣམ་དག་ངང་རྒྱབ་སྐྱོར་བྱེད་པ། ཚོད་བགམ་སྣ་ཚོགས་ཀྱི་ཉམས་སད་ཐེག་པ། སྐྱེ་སྟོབས་རབ་ཏུ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ལ་འགྱུར་བར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ལ་འགྱུར་བའི་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ད་ལོ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཔའ་ངར་ཆེན་པོས་འབད་འབུངས་ཡར་བརྩོན་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་འཕེལ་རྒྱས་དང་བདེ་འཇགས་གཉིས་ལ་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱི་ཕྱོགས་ཀྱི་རྡབ་རྡེག་དང་ནང་ཁུལ་གྱི་དཀའ་ངལ་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅག་སྟེ། རང་རྒྱལ་གྱི་དཔལ་འབྱོར་ལས་སྒུལ་ནུས་གསར་སྒྱུར་དང་གྲུབ་ཆ་ལེགས་སྒྱུར་གྱི་འཕེལ་ཕྱོགས་མངོན་ཡོད། དེ་དང་ཆབས་ཅིག དཔལ་འབྱོར་འཁོར་རྒྱུག་ཁྲོད་ཀྱི་དཀའ་ངལ་དང་འགྲན་སློང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། གདེང་ཚོད་བརྟན་དུ་གཏོང་བ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། གོ་སྐབས་དང་ལེགས་ཆ་སྣ་ཚོགས་བེད་སྤྱོད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་དེ་བས་སྤྱི་འདོམས་ཡག་པོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་བྱེད་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ཇེ་མགྱོགས་སུ་གཏོང་བ། དེ་བས་ལེགས་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་ལག་ལེན་ཡག་པོ་བསྟར་བ། གསོག་འཇོག་སྲིད་ཇུས་ཀྱི་ནུས་ཕྱོད་གང་ལེགས་འདོན་པ། དངོས་སྒྲུབ་གོ་ཆོད་ཀྱི་འཕར་འབོར་སྲིད་ཇུས་དུས་ཐོག་ཏུ་ཇུས་འགོད་བྱས་ནས་འདོན་པ། དུས་འཁོར་ལྡོག་པའི་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་སྐྱེད་དང་མཁོ་སྤྲོད་ལེགས་གཏོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོར་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། དཔལ་འབྱོར་རྒྱུན་མཐུད་གསར་ཞིང་ལེགས་པའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཧུར་ཐག་འཛུགས་དགོས།
ཚོགས་འདུའི་ཐོག་བསྟན་དོན། གཞི་ཆེའི་སྲིད་ཇུས་ཀྱི་ནུས་པ་བཏོན་ནས་ཕན་འབྲས་ཆེ་རུ་གཏོང་བ་དང་། ནོར་སྲིད་གཏོང་སྒོ་དང་བུན་ལོར་མ་དངུལ་སྤྱོད་པའི་མྱུར་ཚད་མགྱོགས་སུ་བཏང་ནས“གཙོ་གལ་གཉིས”འཛུགས་སྐྲུན་དང“གསར་གཉིས”ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་པོ་སྲུང་དགོས། དངུལ་ལོར་སྲིད་ཇུས་ཀྱི་བྱ་ཐབས་ཕྱོགས་བསྡུས་བེད་སྤྱོད་དང་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས། ནོར་སྲིད་དང་དངུལ་རྩས་ནང་མཁོ་རྒྱ་སྐྱེད་ལ་སྐུལ་འདེད་མཉམ་དུ་གཏོང་བའི་སྲིད་ཇུས་ལེགས་སུ་གཏོང་བ་དང་ལག་བསྟར་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱལ་ནང་གི་དགོས་མཁོ་ཆེ་རུ་ནུས་ལྡན་གཏོང་བ་དང་། ཚོགས་སྤྱི་མི་འདྲ་བའི་འཛད་སྤྱོད་དགོས་མཁོ་དང་བསྟུན་ནས་སྤུས་ལེགས་མཁོ་སྤྲོད་རྒྱ་ཆེར་བཏང་ནས་ཞབས་ཞུའི་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་བྱེད་དགོས། “དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་ལ་ཡུན་རིང་རྒྱབ་སྐྱོར་བརྟན་པོ་བྱེད་ཤུགས་ཆེ་རུ་གཏོང་བ། “མི་ཐབས་རིག་ནུས་+”བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་བ། རིག་ནུས་དཔལ་འབྱོར་གྱི་རྣམ་པ་གསར་པ་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ལག་རྩལ་གསར་ཤོས་འགག་སྒྲོལ་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གསར་དར་གཙོ་རྟེན་ཐོན་ལས་ཧུར་ཐག་བཏོད་ནས་སྲོལ་རྒྱུན་ཐོན་ལས་ཀྱི་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་རྒྱུན་མཐུད་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དྲང་གཞག་དང་གོ་རིམ་ལྡན་པའི་ཁྲོམ་རའི་འགྲན་རྩོད་ཁོར་ཡུག་བཏོད་ནས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་གྱི་སྲོལ་ཡིག་བཟོས་ནས་ལག་བསྟར་དང་། “ནང་རྨུག་རྣམ་པའི”འགྲན་རྩོད་ལ་མུ་མཐུད་ཕྱོགས་བསྡུས་བཅོས་སྐྱོང་། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་ཀྱི་གནད་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་ཐག་གཅོད་བཅས་བྱེད་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་ནས་ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཚད་ལྡན་འགྲོ་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་གཉིས་ཕན་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ་དང་། ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཚོང་དོན་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་མ་འཇོག་གི་དོ་དམ་ལམ་ལུགས་དང་རྒྱལ་ཕྱིའི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཕྱི་རྒྱལ་གྱི་མ་དངུལ་འགུག་ཐབས་དང་བེད་སྤྱོད་ཧུར་ཐག་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་། གཉེར་སྐྱོང་། གཡོག་བྱེད་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཕག་པ་སོགས་ཞིང་འབྲོག་ཐོན་རྫས་ཀྱི་ཐོན་སྐྱེད་དང་རིན་གོང་བརྟན་པོ་ཡོང་བ་བཅས་བྱས་ནས་ཞིང་པར་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ཆས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས་སྟོན་འབྲུ་དང་ལོ་ཧྲིལ་པོའི་འབྲུ་རིགས་ལ་ལོ་ལེགས་ཡོང་བར་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། བྱ་ཐབས་སྣ་མང་སྤྱད་དེ་དམངས་འཚོ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ཁེ་དབང་འགན་ལེན་ལས་དོན་ཡག་པོ་སྒྲུབ་དགོས། “རྒན་གཅིག་གཞོན་གཅིག”གི་ཞབས་ཞུའི་འགན་ལེན་ལ་དམ་འཛིན་ཡག་པོ་བྱས་ནས་རིམ་དབྱེ་དང་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“བྱང་གསུམ”འདུ་འགོད་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་ཐཱན་རྩེར་སོན་དང་ཐཱན་སྙོམ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བདེ་འཇགས་སྲུང་བཅད་ཏན་ཏིག་སྐྲུན་དགོས། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་ཡོང་བར་བྱེད་པ་དང་བུན་སེལ་ཇུས་གཞི་སྦབ་ཆ་གཅིག་ལག་བསྟར་ཡག་པོ་བྱས་ནས་ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་སྒྱུར་བཅོས་ཉེན་འགོག་དང་གྲངས་འབོར་ཉུང་གཏོང་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མ་རྩའི་ཁྲོམ་རའི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་ཏུ་བཏང་ནས་མ་རྩའི་ཁྲོམ་རའི་མཉེན་ཆ་དང་གདེང་ཚོད་ཆེ་རུ་གཏོང་དགོས། རིགས་ཁག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་དམིགས་བསལ་ཚབས་ཆེའི་ལས་འཛོལ་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཉེན་ཁ་ཡོད་པའི་ཆུ་མཛོད་དང་། གཙང་པོ་དང་ཆུ་བོའི་ཆུ་རགས། ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེའི་ཉེན་ཁ་ཡོད་ཁུལ། གྲོང་ཁྱེར་གྱི་གཤོང་ས་དམའ་ཞིང་ཞོད་སྐྱོན་འབྱུང་སླ་ས་སོགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འབྲུབ་འགོག་གི་འཕྲལ་སྡོམ་ཉེན་སེལ་གུད་སྐྱོབ་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།
ཚོགས་འདུའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་གཟུངས་མདངས་ཉམས་གསུམ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།