དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འབྲུབ་དུས་སུ་ཞིང་ལས་ཐོན་སྐྱེད་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཡུས་ཅིང་ཤན།   |     སྤེལ་དུས།  2026-07-31

    ཟླ་བདུན་པའི་ཟླ་སྨད་དང་བརྒྱད་པའི་ཟླ་སྟོད་ནི་འབྲུབ་དུས་སུ་འཁེལ་བས། སྐབས་དེ་ནི་ཞིང་ལས་ཀྱི་གནོད་འཚེ་ཐོན་མང་བའི་དུས་ཡིན་ལ། སྟོན་འབྲུའི་ཐོན་འབབ་ཇི་ལྟར་ཡོང་མིན་གྱི་འགག་རྩའི་དུས་ཀྱང་རེད། གནམ་གཤིས་སྡེ་ཚན་གྱིས་སྔོན་དཔག་བྱས་པར་གཞིགས་ན། འདི་ལོའི་འབྲུབ་དུས་སུ་རྒྱལ་ཡོངས་སུ་གནམ་གཤིས་ཚ་དྲོད་ཆེ་ལ་ཐན་ཞོད་གཉིས་ཀ་ཆེ་བ་དང་། མཚོ་ལྷགས་ཐོན་མང་ཞིང་ཤུགས་ཚད་ཆེ་བས། ས་ཁོངས་རང་བཞིན་དང་དུས་མཚམས་རང་བཞིན་གྱི་ཐན་ཞོད་གནོད་འཚེ་མངོན་གསལ་དོད་པོ་ཡོད་པ་རེད།

    མ་རྨོས་ལོ་ཏོག་ནི་སྟོན་འབྲུ་གཙོ་བོ་ཡིན་ཞིང་། དེས་སྟོན་འབྲུའི་ཐོན་འབབ་བསྡོམས་འབོར་གྱི་ཕྱེད་ཀ་ཡན་བཟུང་གི་ཡོད། ཟླ་བདུན་པའི་ཟླ་དཀྱིལ་དུ་རང་རྒྱལ་གྱི་མ་རྨོས་ལོ་ཏོག་ཐོན་ཁུལ་གཙོ་བོར་མཚོ་ལྷགས་དྲག་པོ“པ་ཝུའེ”ལྡང་བ་དང་སྦྲགས་ས་ཆ་ཁ་ཤས་སུ་གཏད་རྒྱུག་ཆེ་བའི་གནམ་གཤིས་མཉམ་དུ་བསྟན་པའི་གནམ་གཤིས་ཀྱི་གནོད་འཚེ་ཕོག་ཡོད།

    “སྐམ་སའི་དབུས་ཁུལ་དུ་ལྡང་ཤུགས་ཆེ་ལ་རྒྱུད་ལམ་རིང་བའི་མཚོ་ལྷགས་དེ་རིགས་མཐོང་དཀོན་པ་ཞིག་རེད”ཅེས་རྒྱལ་ཁབ་མ་རྨོས་ལོ་ཏོག་ཐོན་ལས་ལག་རྩལ་མ་ལག་གི་ཆེད་དམིགས་ཚན་རིག་མཁས་ཅན་དང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ལོ་ཏོག་ཚན་རིག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལི་ཚུང་ཧྥུང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། མིག་སྔར་བྱང་ཤར་གྱི་དཔྱིད་ཀའི་མ་རྨོས་ལོ་ཏོག་ལ་མེ་ཏོག་བཞད་པ་དང་ཟེའུ་འབྲུ་སྡེབ་སྦྱོར་བྱེད་པའི་འགག་རྩའི་དུས་སུ་སླེབས་ཡོད། རྨ་ཆུ་དང་། ཧོའེ་ཧོ་གཙང་པོ། ཧའེ་ཧོ་གཙང་པོའི་རྒྱུད་ཀྱི་དབྱར་ཁའི་མ་རྨོས་ལོ་ཏོག་ལ་སྙེ་མ་གཏོང་བའི་འགག་རྩའི་དུས་སུ་སླེབས་ཡོད། གཤོང་ས་ཁག་གཅིག་ཏུ་ཞིང་ནང་དུ་ཚད་གཞི་མི་འདྲ་བའི་ཆུ་འཁྱིལ་ཡོད་པས་རྩ་བ་རུལ་བའི་ཉེན་ཁ་མངོན་གསལ་དོད་པོ་ཡོད་ཅེས་བཤད།

    ནུབ་བྱང་གི་དཔྱིད་ཀའི་མ་རྨོས་ལོ་ཏོག་འདེབས་ཁུལ་དུ་ས་ཁུལ་ཁ་ཤས་ལ་གཏད་རྒྱུག་གནམ་གཤིས་ཀྱིས་རྐྱེན་པས་སེར་བ་འབབ་པ་དང་རླུང་ཆེན་ལྡང་བའི་གནོད་འཚེ་ཕོག་ཅིང་། རིགས་གཅིག་མཁས་ཅན་གྱིས། གནམ་གཤིས་དེ་ལོ་གོང་མ་དང་བསྡུར་ན་ཉིན་15ནས་20བར་སྔ་སྣུར་དུ་བསྟན་ཡོད་པ་མ་ཟད། ཤུགས་ཚད་ཆེ་བ་དང་ཁྱབ་ཁོངས་ཆེན་པོ་ཡོད། སེར་བས་ས་ཞིང་ཁག་གཅིག་གི་ནང་ལོ་ཏོག་གི་ལོ་མ་དང་སྡོང་པོ་བཅག་ཡོད་པ་དང་སྙེ་མར་ཡང་གནོད་འཚེ་བཏང་ཡོད། ནམ་དུས་འདིར་ལོ་མར་གནོད་སྐྱོན་ཕོག་ན་འོད་སྦྱོར་ནུས་པ་ཇེ་ཞན་དུ་འགྲོ་བ་དང་ཨ་ཤོམ་གྱི་རྡོག་ལ་ཤུགས་རྐྱེན་ཐེབས་སྲིད་ཅེས་བཤད།

    རིགས་གཅིག་མཁས་ཅན་གྱིས། མིག་སྔར་འཁྱིལ་ཆུ་གློད་པ་དང་བཞའ་ཚན་ཆུང་དུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། ཆུ་ཕྱིར་གློད་རྗེས་ནད་འབུའི་གནོད་འཚེ་འགོག་བཅོས་ལ་ལྟ་རྟོག་བྱེད་དགོས་ཞེས་བཤད།

    ལི་ཚུང་ཧྥུང་གིས། ཆུས་བསྣུབས་པའི་མ་རྨོས་ལོ་ཏོག་གི་ཞིང་ནང་དུ་ཆུ་ཚོད་24ཡི་ནང་འཁྱིལ་ཆུ་བཤངས་ཐུབ་པར་བྱེད་དགོས། བཞའ་ཚན་ཆེ་བའི་རྐྱེན་གྱིས་མ་རྨོས་ལོ་ཏོག་གི་སྡོང་པོ་རུལ་མགྱོགས་པ་སོགས་ཀྱི་ནད་ཕོག་གི་ཡོད། ད་དུང་ཆུ་འཁྱིལ་བའི་ས་ཆར་ནད་འབུ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་ཐོག་ཏུ་ལུད་རྒྱག་དགོས་ཞེས་བཤད།

    ཧེ་ལུང་ཅང་དུ་ཆུ་འབྲས་ལ་སྙེ་ལོ་རྒྱས་དུས་ནས་སྙེ་འགོ་ཐོན་དུས་ཀྱི་དུས་སུ་སླེབས་ཡོད། “ཟླ་བདུན་པ་དང་བརྒྱད་པར་འབྲུབ་ཆུ་རྒྱས་པ་དང་ཆར་ཆུ་འབབ་ཚད་ཅུང་མང་བ་དང་། ད་དུང་ཞིང་ནང་གི་ཆུ་འབྲས་སྐྱེ་འཚར་དང་དེ་བཞིན་དུས་འགོའི་ཆུ་འབྲས་ལ་ཡོངས་ཁྱབ་ངང་ཁ་ལུད་མང་པོ་རྒྱག་དགོས་པ་སོགས་ཀྱི་གནས་ཚུལ་ལ་བལྟས་ཚེ། དུས་མཇུག་ཏུ་ཆུ་འབྲས་ལ་ཚ་ནད་ཕོག་པའི་ཉེན་ཁ་ཡོད་སྲིད”ཅེས་ཀྲུང་གོ་ཆུ་འབྲས་ཞིབ་འཇུག་སུའོ་བྱང་ཕྱོགས་ཆུ་འབྲས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཚའོ་ལི་ཡུང་གིས་བཤད།

    ལོ་ཏོག་རྒྱུན་གཏན་ལྟར་སྐྱེ་འཚར་ཡོང་བར་སྐུལ་འདེད་གཏོང་ཆེད་ཞིང་ནང་གི་གཡོག་བྱེད་ཀྱི་ཞིབ་ཕྲའི་གནས་ཚུལ་མང་པོ་ཞིག་ལ་དོ་སྣང་བྱེད་དགོས།

    དུས་ཚོད་དེའི་རིང་ཆུ་འབྲས་དང་། སྲན་ཆེན། བུར་ཤིང་སོགས་ལོ་ཏོག་ལ་གནོད་འཚེ་ཕོག་རྗེས་ཐོན་སྐྱེད་སླར་གསོ་བྱེད་པར་དམིགས་ནས་རྒྱལ་ཡོངས་ཞིང་ལས་ལག་རྩལ་ལྟེ་གནས་ཀྱིས་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཉམ་དུ་འབྲེལ་ཡོད་ལག་རྩལ་མཛུབ་ཁྲིད་བསམ་འཆར་བཟོས་ནས་ཁྱབ་བསྒྲགས་བྱས་པ་རེད།

    ཟླ་6པའི་ཟླ་དཀྱིལ་ནས་ཟླ་7པའི་ཟླ་དཀྱིལ་བར། འབྲི་ཆུའི་འབབ་རྒྱུད་དུ་ཆར་པ་སིམ་སིམ་འབབ་ཚད་ཆེ་བ་དང་ཐོལ་རླུང་རྒྱག་མང་པོ་ཡོད། དེའི་ཁར་ཟླ་7པའི་རྒྱུན་མཐུད་རང་བཞིན་གྱི་ཚ་བ་ཆེ་བའི་གནམ་གཤིས་དང་དེ་བཞིན་མཚོ་ལྷགས་ཀྱི་ཤུགས་རྐྱེན་ཕོག་པ་ལས་ཞིང་ནང་དུ་བརླན་ཞོད་ཐོན་ནས་རྩ་བ་རུལ་བ་དང་། ཞིང་ཁ་ཉལ་བ། ཚ་བ་ཆེ་བས་མེ་ཏོག་དང་གམ་བུ་ལྷུང་བ། ནད་དང་འབུའི་གནོད་པ་སོགས་ཀྱི་གནོད་འཚེ་མང་པོ་ཐོན་ནས། དཔྱིད་འདེབས་ཀྱི་སྲན་ཆེན་སྨིན་རྒྱུ་དང་དབྱར་འདེབས་ཀྱི་སྲན་ཆེན་མེ་ཏོག་བཞད་དེ་གང་བུ་འདོགས་རྒྱུར་ཤུགས་རྐྱེན་ངན་པ་བཟོ་གི་ཡོད།

    “ཞོད་སྐྱོན་དང་སེར་བའི་གནོད་འཚེའི་ཤུགས་རྐྱེན་ཚབས་ཆེ་བ་དང་། ཡལ་ག་ཐོན་ས་མྱགས་པ། སྟོན་འབབ་རྩ་ཆད་བཅས་ཀྱི་ཞིང་ཁར་དུས་ཐོག་ཏུ་སྡོང་རོ་གཙང་སེལ་གྱིས་དུས་ཐུང་ལོ་ཏོག་བཏབ་སྟེ་གྱོང་གུན་ཕོག་ཚབས་ཆུང་དུ་གཏོང་གང་ཐུབ་བྱེད་དགོས”ཞེས་ལི་ཚུང་ཧྥུང་གིས་བཤད།

    ཉེ་ཆར། ཞིང་ལས་གྲོང་གསེབ་པུའུ་ཡིས་ཉིན་བརྒྱའི་རིང་འབད་འཐབ་ལྷོད་མེད་བྱས་ནས་ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་གྱིས་གནོད་འཚེ་བསལ་ཏེ་སྟོན་འབྲུར་ལོ་ལེགས་ཡོང་བའི་བྱ་སྤྱོད་ལག་བསྟར་བྱས་པ་རེད། གཙོ་གནད་ལོ་ཏོག་དང་། གཙོ་གནད་ས་ཁོངས། གནོད་ཚབས་ཆེ་བ་བཅས་ལ་དམིགས་ནས་ལས་དོན་ཚོགས་ཆུང་དང་ཚན་རྩལ་ཡན་ལག་རུ་ཆུང་སྒྲིག་འཛུགས་བྱས་ནས་འཐབ་ས་དང་པོར་གཤམ་སྐྱོད་ཀྱིས་ལོ་ཏོག་དང་། ས་ཁོངས། བརྒྱུད་རིམ་བཅས་ཕྱེ་ནས་ཚན་རིག་དང་མཐུན་པའི་ངང་ལུད་རྒྱག་པ་དང་། ཆུ་གྲོན་ཆུང་ངང་ཞིང་ཆུ་འདྲེན་པ། ལོ་མའི་ངོས་སུ་ལུད་རྒྱག་པ་སོགས་ཞིང་ནང་གཡོག་བྱེད་བྱས་ནས་མུའུ་རེའི་ཐོན་ཚད་མཐོར་གཏོང་བྱེད་ཐབས་དོན་འཁྱོལ་བྱས་ཡོད།

    དེ་དང་ཆབས་ཅིག་དྲག་ཆར་དང་ཆུ་ལོག་དང་། ཚ་དྲོད་ཆེ་བའི་གནོད་འཚེ། ཐན་པ། མཚོ་ལྷགས་སོགས་ཀྱི་གནོད་འཚེ་ཚབས་ཆེན་ལ་དམ་པོར་དམིགས་ཏེ། ཆུ་ཡུར་གཤོང་བ་དང་། ཞིང་སྨན་གཏོར་རྒྱུར་ཚོད་འཛིན་བྱེད་པ། ཞིང་ཁ་མ་ཉལ་བ་བྱེད་པ། ཞིང་སྨན་སྣ་ཚོགས་གཏོར་ནས་ཕན་འབྲས་མང་པོ་ཐོན་པ་སོགས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བྱེད་ཐབས་དོན་འཁྱོལ་ལ་མཛུབ་ཁྲིད་བྱེད་པ་དང་། ཆུ་འབྲས་ཀྱི་གནོད་འབུ་གཉིས་དང་། འབྲས་ཀྱི་ཚ་ནད། མ་རྨོས་ལོ་ཏོག་གི་སྙེ་མའི་གནོད་འབུ། ལྷོ་ཕྱོགས་ཀྱི་མ་རྨོས་ལོ་ཏོག་གི་རླམ་སྲིན་ནད། སྲན་ཆེན་གྱི་རྩི་ཤིང་གི་ཁོག་འབུ། རྩ་རུལ་ནད་སོགས་ཀྱི་ནད་དང་འབུའི་གནོད་འཚེ་ཚབས་ཆེན་ལ་དམིགས་ནས་གཅིག་གྱུར་འགོག་བཅོས་དང་། མཉམ་འགོག་མཉམ་སྡོམ། འཕྲལ་སྡོམ་སྔོན་འགོག་དང་ཚོད་འཛིན་བཅས་བྱས་ཏེ། གནོད་འཚེའི་གྱོང་གུན་ཕོག་ཚབས་ཆུང་དུ་གཏོང་གང་ཐུབ་བྱས་ནས་སྟོན་འབྲུ་ཧུར་ཐག་བསྡུ་བ་དང་ལོ་ཧྲིལ་པོའི་འབྲུ་རིགས་ལོ་ལེགས་ཡོང་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།