མཚོ་སྔོན་བྲག་དཀར་དུ་ས་ཡོམ་བརྒྱབ་ཀྱང་སྤྱི་ཚོགས་སྒྲིག་ལམ་སྤྱི་ཡོངས་ནས་བརྟན་པོ་ཡོད་པ།
ཟླ་7ཚེས་28ཉིན་གྱི་ཆུ་ཚོད་11དང་སྐར་མ་16ཐོག་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང(འཕྲེད་ཐིག་བྱང་མ་ཏུའུ་35.35དང་ཤར་གྱི་གཞུང་ཐིག་ཏུའུ་99.57)དུ་ས་ཡོམ་རིམ་པ་5.7བརྒྱབ་པ་དང་ཡོམ་གནས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད། ཆུ་ཚོད་11དང་སྐར་མ་34ཙམ་ལ་སླར་ཡང་ས་ཡོམ་རིམ་པ་5.8(འཕྲེད་ཐིག་བྱང་མ་ཏུའུ་35.35དང་ཤར་གྱི་གཞུང་ཐིག་ཏུའུ་99.58)བརྒྱབ་ཡོད། མིག་སྔར་བྲག་དཀར་རྫོང་གྲོང་གི་སྤྱི་ཚོགས་སྒྲིག་ལམ་སྤྱི་ཡོངས་ནས་བརྟན་པོ་ཡོད།
ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་བའི་སྒུལ་བདེའི་མི་འབོར་གྱི་གྲངས་གཞི་ཆེ་མོས་དབྱེ་ཞིབ་བྱས་པར་གཞིགས་ན། ཆུ་ཚོད་11དང་སྐར་མ་16ཐོག་བརྒྱབ་པའི་ས་ཡོམ་གྱི་ཡོམ་ལྡིག་སྤྱི་ལེ་20ཡི་ཁྱབ་ཁོངས་ནང་མི་འབོར་1600ཙམ་ཡོད་པ་དང་སྤྱི་ལེ་50ཡི་ཁྱབ་ཁོངས་ནང་མི་འབོར་ཁྲི་4.9ཙམ་ཡོད་པ་རེད། ཡོམ་ལྡིག་སྤྱི་ལེ་5ཡི་ཁྱབ་ཁོངས་སུ་ཆ་སྙོམས་ས་བབ་སྨི་4497ཙམ་ཟིན་པ་དང་། ཡོམ་ལྡིག་བྲག་དཀར་རྫོང་དང་བར་ཐག་སྤྱི་ལེ་46ཆོད་ལ། མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་244ཆོད་ཡོད།
གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བར། ས་ཡོམ་རྒྱག་སྐབས་ཟི་ལིང་གྲོང་ཁྱེར་དང་ལན་ཀྲོའུ་གྲོང་ཁྱེར་ལ་ཡོམ་ཚོར་ཆེན་པོ་བྱུང་ཞིང་། མིག་སྔར་མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ཀྱི་ཡུལ་དངོས་ལས་དོན་རུ་ཁག་གིས་ཡོམ་ལྡིག་ཏུ་བསྐྱོད་ནས་གནོད་འཚེའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། མཚོ་ལྷོ་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་གྱི་མེ་ཟོན་སྡེ་ཚན་འཕྲལ་མར་འདུ་འཛོམས་བྱས་ཏེ་ཡོམ་ལྡིག་ཏུ་སྐྱོད་བཞིན་ཡོད་ལ། འཕྲལ་སྡོམ་དང་སྤྱི་བདེ་སྡེ་ཚན་ཡང་སྐྱོད་བཞིན་ཡོད། མེ་ཟོན་སྡེ་ཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་མི་སྣ་འཆི་རྨས་དང་ཁང་པ་བརྡིབས་པའི་གནས་ཚུལ་འབྱོར་མེད་པ་དང་ཞིབ་ཕྲའི་གནས་ཚུལ་སྔར་བས་ཤེས་རྟོགས་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།