བོད་བྱང་ཐང་གི་སྒུལ་བདེའི་སྨན་ཁང་།
ཉིང་པོའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་གཞི་རིམ་དུ་སྨན་བཅོས་བྱས་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་སྐོར་གྱི་མཐོང་ཐོས།

འདི་ནི་ཉིང་པོའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་གཡང་ཤོད་ཤང་གི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་གྱི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་བཞིན་པ།
མིག་སྔར་ནག་ཆུར་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་ཡིན་པས། དབྱར་རྩྭ་དགུན་འབུ་འཐུ་མཁན་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་འགན་ལེན་ཏན་ཏིག་བྱེད་པ་དང་ཁོང་ཚོར་སྟབས་བདེ་བསྐྲུན་ཆེད། ནག་ཆུ་གྲོང་ཁྱེར་གྱིས་སྲིད་དོན་ཞབས་ཞུ་དང་སྨན་བཅོས་འགན་ལེན་སོགས་དམངས་ཕན་ཞབས་ཞུ་སྣ་ཚོགས་སྔོན་ཚུད་ནས་གཤམ་སྤེལ་གྱིས་མང་ཚོགས་ཀྱི་རྗེས་སུ་དམ་པོར་འབྲངས་ནས། མང་ཚོགས་དབྱར་རྩྭ་དགུན་འབུ་གང་དུ་འཐུ་བར་བསྐྱོད་ཚེ་དེ་གར་སེམས་རྩ་འཁོལ་བའི་ཞབས་ཞུ་ཁྱབ་པར་བྱས་ཏེ་དབྱར་རྩྭ་དགུན་འབུ་འཐུ་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་ཕྱོགས་ཡོངས་ནས་གཡས་གཞོགས་གཡོན་འདེགས་བྱས་པ་རེད།
འབྲི་རུ་རྫོང་གཡང་ཤོད་ཤང་གི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་གྲང་རླུང་འུར་འུར་ལྡང་རུང་། “ཉིང་པོའི་སྨན་བཅོས་རོགས་སྐྱོར་ལས་བརྩེ་བ་ཟབ་མོ་མངོན”ཞེས་པའི་འཕྲེད་འགེལ་ཡི་གེ་བཀལ་བའི་སྨན་བཅོས་གུར་ནང་དྲོ་སྐྱིད་ཀྱིས་ཁེངས། ཉིང་པོའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྨན་དོན་པ་ཚོས་ནད་གཞི་བརྟག་དཔྱད་བྱེད་པར་ཡོང་མཁན་མང་ཚོགས་ལ་ངང་རྒྱུད་རིང་པོས་ཁྲག་ཤེད་ལྟ་བ་དང་། གཟུགས་པོར་བརྟག་དཔྱད་བྱེད་པ། དོགས་གནད་སེལ་བ། ས་མཐོའི་རྒྱུན་མཐོང་ནད་གཞི་སྔོན་འགོག་ཤེས་བྱ་ཁྱབ་གདལ་གཏོང་བ། མང་ཚོགས་ཀྱི་གཟུགས་པོའི་གནས་ཚུལ་ལ་དམིགས་ནས་སྨན་སྤྱོད་མཛུབ་ཁྲིད་དང་རྒྱུན་གཏན་གྱི་བདག་སྐྱོང་གྲོས་འགོ་འདོན་པ་བཅས་བྱས་ཏེ་མང་ཚོགས་ལ་སྤུས་ལེགས་དང་སྟབས་བདེའི་སྨན་བཅོས་ཞབས་ཞུ་བསྒྲུབས་ནས། དབྱར་རྩྭ་དགུན་འབུ་འཐུ་མཁན་མང་ཚོགས་རི་ནས་བབས་དགོས་མེད་པར་རིན་མེད་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱས་ཡོད།
དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་གཅིག་སྡུད་འོས་འགན་སྨན་བཅོས་བྱས་པ་ཕུད། ད་ཐེངས་ཀྱི་སྨན་བཅོས་ཞབས་ཞུས་ད་དུང་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམིགས་ནས་སྒོ་རྩར་སྨན་བཅོས་བྱེད་པར་བསྐྱོད་དེ་མི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད། གཡང་ཤོད་ཤང་གི་ལོ་89ལ་སླེབས་པའི་མི་ཧྲེང་རྒན་རྒོན་ཞིག་འགྲོ་སྐྱོད་སྟབས་བདེ་མེད་པ་དང་ལོ་འཁོར་མོར་ནད་གཞི་སྣ་ཚོགས་ཀྱིས་མནར་བ་ཤེས་རྗེས། ཉིང་པོའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ས་གནས་དེ་གའི་གཞི་རིམ་ལས་བྱེད་པ་དང་མཉམ་དུ་ཆེད་མངགས་རླངས་འཁོར་བཏང་ནས་སྒོ་རྩར་བསྐྱོད་དེ་ཁོང་ལ་རིག་ཚན་མང་བའི་མཉམ་འབྲེལ་ནད་བརྟག་སྨན་བཅོས་བྱས་པ་རེད།
རྒན་རྒོན་གྱི་སྡོད་སར་འབྱོར་རྗེས། སྨན་དོན་པས་རྒན་རྒོན་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་ཞིབ་ཕྲ་བྱས་ཏེ། རྒན་རྒོན་གྱི་གཟུགས་པོའི་གནས་ཚུལ་ལ་ཕྱོགས་བསྡུས་དཔྱད་དཔོག་གིས་གཅོང་ནད་ཀྱི་རྒྱུན་རྣམ་ཅན་གྱི་བདག་སྐྱོང་དང་། ཚན་རིག་དང་མཐུན་ལ་ཚད་ལྡན་གྱིས་སྨན་སྤྱོད་པ། རྒྱུན་གཏན་གྱི་ཁྱིམ་སྡོད་ལྟ་རྟོག རྗེས་མཐུད་ཀྱི་བསྐྱར་བརྟག་སྨན་བཅོས་སོགས་ཕྱོགས་མང་པོའི་ཐད་ནས་རང་སོའི་ཁྱད་ཆོས་ལྡན་པའི་བདེ་ཐང་སྨན་བཅོས་ཇུས་གཞི་བཟོས་པ་དང་ཆབས་ཅིག རྗེས་མཐུད་ཀྱི་བདེ་ཐང་ཞབས་ཞུའི་རྗེས་སྙེག་ལམ་སྲོལ་བཟོས་ཡོད། རྒན་རྒོན་གྱི་མིག་ནད་ལ་དམིགས་ནས་སྨན་བཅོས་རུ་ཁག་གིས་ཉིང་པོ་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་འབྲི་རུ་རྫོང་དུ་འབྱོར་རྗེས་རྒན་རྒོན་ལ་ཆེད་དོན་མཉམ་བསྡུས་ནད་དཔྱད་དང་བརྒྱུད་རིམ་ལྡན་པའི་བརྟག་དཔྱད་བྱེད་པ་དང་། མིག་ནད་གནས་ཚུལ་དང་གཤགས་བཅོས་ཀྱི་བྱེད་འཐུས་རང་བཞིན་ལ་གནད་སྨིན་དཔྱད་དཔོག་བྱེད་པ། རྒན་རྒོན་གྱི་ན་ཚ་ནུས་ཤུགས་ཡོད་རྒུས་འཇགས་པར་བྱེད་པ། མིག་ཤེད་ལེགས་སུ་གཏོང་བ་བཅས་བྱས་ནས་རྒན་རྒོན་གྱི་ཚེ་མཇུག་བདེ་ཞིང་སྐྱིད་པ་ཡོང་བར་བྱས་པ་རེད།
ཉིང་པོའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་འགན་འཁུར་བ་ཀུའོ་ཧྥང་ཏ་ཡིས། གོམ་སྟབས་རྗེས་མར་ཉིང་པོའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོར་མུ་མཐུད་གཞི་ཚུགས་ཏེ་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་གཏོང་བ། བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བཅས་བྱས་ནས། བོད་སྐྱོར་གྲུབ་འབྲས་དངོས་ལ་བརྟེན་ཏེ་བདེ་ཐང་འབྲི་རུ་འཛུགས་སྐྲུན་ལ་ཉིང་པོ་ཡི་སྟོབས་ཤུགས་སྣོན་རྒྱུ་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།