སྲིད་ཇུས་རྩིས་ཁྲ་ཁ་གསལ་བཟོས། ཐོན་ལས་དར་རྒྱས་ཆེན་པོ་བྱུང་།
“སྔོན་མ་རྩིས་ཁྲ་ཁ་གསལ་མེད་པ་དང་དཔྱ་ཁྲལ་གོང་འབུལ་ཐད་ནོར་འཛོལ་ཐོན་པར་བརྟེན་མཉམ་ལས་ཁང་གི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་གི་འདུག ད་ཆ་ཁྲལ་དོན་མི་སྣས་སྒོ་རྩར་དམར་ཁྲིད་བྱེད་པ་དང་ཁྲལ་གྲོན་སྲིད་ཇུས་གསལ་འགྲེལ་བྱས་པར་བརྟེན་མཉམ་ལས་ཁང་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་པས་བློ་བདེ་པོ་འདུག” ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སྣང་རྫོང་ཁྲལ་དོན་ཅུས་ཀྱི་ཁྲལ་དོན་དྲིལ་བསྒྲགས་ཚོགས་ཆུང་གི་ཟུར་ཁྲིད་བྱ་ཡུལ་དུ་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ལ་ཐོག་ཤང་རྩ་གྲོང་ཚོའི་སྔོ་སྨན་འདེབས་འཛུགས་དུད་ཚང་བཀྲ་ཤིས་ཕུན་ཚོགས་ཀྱིས་རྩིས་ཐོ་བསྟན་ནས་དགའ་སྤྲོའི་ངང་བརྗོད།
ཉེ་བའི་ལོ་ཤས་རིང་། རྩ་གྲོང་ཚོས“ཀྲི་པུའུ་དང་། མཉམ་ལས་ཁང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་སྨན་རྒྱུ་འདེབས་འཛུགས་དང་། ཟུར་མཁར་སྨན་སྤོས། ཕྱུགས་རིགས་གསོ་ཚགས་བཅས་ཁྱད་ལྡན་ཐོན་ལས་ཆེན་པོ་གསུམ་སྐྱེད་སྲིང་བྱས་ཡོད། གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམིགས་ནས་ཁྲལ་དོན་དྲིལ་བསྒྲགས་ཚོགས་ཆུང་གིས་སྔ་སྣུར་དུ་ཞིང་ལས་ཁེ་ལས་དང་འབྲེལ་བའི་ཁྲལ་གྲོན་སྲིད་ཇུས་རྩིས་ཐོ་ཁ་གསལ་བཟོས་པ་མ་ཟད། ནོར་དོན་ཞིབ་རྩིས་དང་། ཁྲལ་འཇལ་རེ་ཞུ། ཉེན་ཁ་འགོག་ཟོན་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་སྲིད་ཇུས་ཀྱི་གཙོ་གནད་ལ་འགྲེལ་བཤད་རྒྱག་པ་དང་བཀོལ་སྤྱོད་བརྒྱུད་རིམ་བསླབས་ཏེ་ཁྲལ་གྲོན་སྲིད་ཇུས་ཐད་ཀར་ལོངས་སུ་སྤྱོད་ཐུབ་པ་དང་ཁྲལ་གྲོན་དང་འབྲེལ་བའི་དཀའ་གནད་ས་གནས་ས་ཐོག་ཏུ་ཐག་གཅོད་བྱས་ནས་ཐོན་ལས་ཚད་ལྡན་གཉེར་སྐྱོང་འཕེལ་རྒྱས་བརྟན་པོ་ཡོང་བར་རམ་འདེགས་བྱས་ཡོད།
“ང་ཚོས་སྔོ་སྨན་བཏབ་ནས་ལོ་བཅུ་ཕྲག་ཁ་ཤས་སོང་བ་དང་སྔོན་མ་སིལ་ཚོང་བྱེད་ཀྱི་ཡོད། མཉམ་ལས་ཁང་བཙུགས་རྗེས་གཞི་ཁྱོན་རིམ་གྱིས་ཆེ་རུ་ཕྱིན་ཡོད། འོན་ཀྱང་ཁྲལ་གྲོན་སྲིད་ཇུས་ལ་རྒྱུས་མངའ་མེད་པའི་དབང་གིས་ཚད་ལྡན་ཁྲལ་ཞུ་དང་ཚད་ལྡན་གྱི་རྩིས་ཁྲ་བཟོ་བར་དཀའ་ངལ་འཕྲད་ཀྱི་འདུག ཁྲལ་དོན་མི་སྣས་ཟུར་ཁྲིད་བྱས་རྗེས། གཞི་ནས་ཚད་ལྡན་གཉེར་སྐྱོང་ནི་ང་ཚོའི‘སྲུང་འཁོར’ལྟ་བུ་ཡིན་པ་གཞི་ནས་ཤེས་བྱུང་། རྩིས་ཁྲ་གསལ་པོ་བྱུང་བས་ཁེ་ལས་ཆེ་གྲས་དང་མཉམ་ལས་བྱེད་སྐབས་སེམས་ལ་གདེང་ཚོད་ཆེན་པོ་འདུག”ཅེས་སྔོ་སྨན་འདེབས་འཛུགས་བྱེད་མཁན་སྒྲོལ་མ་ལྷ་འཛོམས་ཀྱིས་བརྗོད།
མངོན་མིན་རིག་གནས་ཤུལ་བཞག་ཟུར་མཁར་སྨན་སྤོས་ཐོན་ལས་རྟེན་གཞིར་ཁྲལ་དོན་མི་སྣས་སྨན་རྒྱུ་འདེབས་འཛུགས་དང་། སྨན་སྤོས་ཐོན་སྐྱེད། ཐོན་རྫས་ཕྱིར་འཚོང་བཅས་ཀྱི་ཕྱིར་ཚོང་འཁོར་འབྲེལ་ཧྲིལ་པོར་དམིགས་ནས། མཉམ་ལས་ཁང་གི་འགན་འཁུར་བ་དང་ཞིང་དུད་ལ་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་བརྒྱུད་རིམ་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཅིང་། ཀོང་ཏུང་གིས་བོད་སྐྱོར་རོགས་སྐྲུན་བྱས་པའི་མུའུ་350ཡོད་པའི་རི་སྐྱེས་སྔོ་སྨན་འདེབས་འཛུགས་རྟེན་གཞི་དང་ལྗང་གསོའི་དྲོད་ཁང་14ལ་བརྟེན་ནས་རྩ་གྲོང་ཚོའི་མཉམ་ལས་ལ་སྔོ་སྨན་རང་མཁོ་རང་གསོ་དང་ཕྱིར་འཚོང་ཕྱོགས་གཉིས་ནས་ཤུགས་སྣོན་བརྒྱབ་སྟེ་བོད་ལྗོངས་བདུད་རྩི་བོད་སྨན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཆེད་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་དང་ཡུན་རིང་མཉམ་ལས་བྱས་ཡོད། “སྔོན་མ་དཔྱ་ཁྲལ་གོང་ཞུའི་འགྲོ་ལུགས་རྙོག་དྲ་ཆེ་བ་དང་ཕྱིར་ཚོང་གི་ཐོ་གསལ་པོ་མེད་པ་ཁྲལ་དོན་མི་སྣས་ཤེས་སྐབས་ངང་རྒྱུད་རིང་པོས་ང་ཚོར་ཐོ་གསལ་པོ་རྒྱག་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་མ་ཟད། ད་དུང་ང་ཚོའི་རང་ཐོན་རང་ཚོང་གི་ཞིང་ལས་ཐོན་རྫས་ལ་དཔྱ་ཁྲལ་ཆག་ཡང་གི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པའི་སྐོར་བརྗོད་བྱུང་། ད་ཆ་མཉམ་ལས་ཁང་གི་ནོར་དོན་ལམ་ལུགས་འཐུས་སྒོ་ཚང་དུ་ཕྱིན་ཡོད། ན་ནིང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་300བྱུང་བ་དང་དུད་ཚང་རེར་སྒོར་15000བགོ་འགྲེམས་བརྒྱབ་ཡོད། དེ་དག་ཚང་མ་ལུགས་མཐུན་གཉེར་སྐྱོང་ལས་ཐོབ་པའི་ཕན་པ་ཡིན”ཞེས་སྨན་སྤོས་ཐོན་སྐྱེད་བཟོ་གྲྭའི་ལས་མི་ཉི་མ་ཚེ་རིང་གིས་བརྗོད།
འབྲེལ་ཡོད་གསར་འགྱུར།