“བོད་ལྗོངས་མིང་ཅན”མང་ཚོགས་ཕྱུག་འགྱུར་གྱི“གསེར་གྱི་ལྡེ་མིག”ལ་གྱུར་པ།
དབྱར་དུས་ཀྱི་གངས་ལྗོངས་ས་མཐོར་རྩི་ཤིང་གཡུ་ལོ་རྒྱས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། འདི་ལོའི་དུས་ཚིགས་དང་པོར་རང་ལྗོངས་ཀྱི་འཛད་ཟོག་ཕྱིར་གཏོང་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་པ་སྟེ། ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་14.69ཟིན་པ་དེ་དུས་མཚུངས་ལས་16.1%འཕར་ཡོད། དེ་ཡང་ཉིང་ཁྲིའི་ཀུ་ཤུ་དང་། ཉིང་ཁྲིའི་སྦྲང་རྩི། གཞིས་རྩེའི་ཕིང་དང་བོད་རུམ་སོགས་ཁྱད་ལྡན་འཛད་ཟོག་ས་མཐོ་ནས་གོ་ལ་ཧྲིལ་པོར་བཙོངས་པས“བོད་ལྗོངས་མིང་ཅན”སྤུས་རྟགས་ཀྱི་སྐད་གྲགས་ཆེ་རུ་ཕྱིན་པ་མ་ཟད། ཁ་ཡོད་ལག་ཡོད་ཀྱི་དམངས་འཚོའི་བདེ་རྩར་གྱུར་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་འཛད་ཟོག་ཕྱིར་གཏོང་ཁྲོད་ནས་འབབ་འཕར་ཕྱུག་འགྱུར་བྱུང་བ་དང་འཚོ་བ་ཇེ་ལེགས་སུ་སོང་ཡོད།
“དེ་སྔ་ངའི་ཁྱིམ་གྱི་ཤིང་འབྲས་ལྡུམ་རའི་ཤིང་འབྲས་ཡག་པོ་ག་ཚོད་ཡོད་ཀྱང་ས་ཆ་དེ་རང་དུ་འཚོང་བ་ལས་ཐབས་གཞན་མེད། ད་དུང་རིན་གོང་མཐོ་པོ་རག་གི་མེད་པས། ལོ་ཧྲིལ་པོར་ཁེ་བཟང་མང་པོ་མེད། ད་ཆ་དེ་སྔ་དང་མི་འདྲ་བར་ཀུ་ཤུ་ནེ་པ་ལ་དང་ཐེ་ལན་དུ་གཏོང་གི་ཡོད། མངགས་ཐོ་མང་ལ་ང་ཚོའི་ཡོང་འབབ་ལྡབ་ཁ་ཤས་འཕར་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་འཛིན་པ་གྲོང་ཚོའི་ཡུལ་མི་གཡང་སྐྱིད་ཀྱིས་ཀུ་སྡོང་གི་ཡལ་གཅོད་རྒྱག་ཞོར་དུ་བཤད། བོད་ལྗོངས་ཧྲང་ཁྲེང་བདེ་ཐང་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིའི་ཀུ་ཤུ་འདེབས་འཛུགས་རྟེན་གཞིའི་བཟོ་པ་དཀྱུས་མ་གཡང་སྐྱིད་ལ་ཆ་ལག་ཚང་བའི་ཆེད་ལས་ཀྱི་རྩལ་ནུས་སྦྱོང་རྒྱུ་བྱུང་ནས། ད་ཆ་འདེབས་འཛུགས་ལ་མཁས་པར་གྱུར་ཏེ་ཡལ་གཅོད་རྒྱག་པ་དང་ཐུམ་སྒྲིལ་རྒྱག་པ་སོགས་ཀྱི་ལག་རྩལ་ལ་བྱང་ཆུབ་པས་ཟླ་རེར་ཡོང་འབབ་སྒོར་6000ཙམ་རག་གི་ཡོད། དེས་ན། ད་ཆ་ཁོང་ཕ་ཡུལ་ནས་ཁ་བྲལ་ཏེ་ཕྱིར་གླ་པར་འགྲོ་དགོས་མེད་པར་ནང་མི་དང་མཉམ་དུ་སྡོད་རྒྱུ་ཡོད་པ་མ་ཟད། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཁྱིམ་ལ་ཡོང་འབབ་གསོག་ཐུབ་ཀྱི་ཡོད།
གཡང་སྐྱིད་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་རང་ལྗོངས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་ལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཉིང་ཁྲིའི་ཀུ་ཤུ་ནི་རང་ལྗོངས་ཀྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཐོག་མའི་གྲས་ཡིན་པ་དང་ཕྱི་རྒྱལ་གྱི་ཁྲོམ་རར་རྒྱུན་མཐུད་ངང་འཚོང་བཞིན་ཡོད། ནེ་པ་ལར་ཐེངས་མང་བཏང་བ་མ་ཟད། ཐེ་ལན་དང་མ་ལེ་ཞི་ཡ་སོགས་ཨེ་ཤེ་ཡ་ཤར་ལྷོའི་ཁྲོམ་རར་བཙོངས་ཐུབ་པ་བྱུང་ནས་མངགས་མཁན་ཉིན་བཞིན་མང་དུ་འགྲོ་བཞིན་ཡོད། ད་ཆ་སྦེ་པ་གྲོང་རྡལ་གྱི་གྲོང་ཚོ་12ཀྱི་མང་ཚོགས་ཚང་མར་ཀུ་ཤུ་ཕྱིར་གཏོང་བྱས་པ་ལས་བྱུང་བའི་ཁེ་བཟང་ལོངས་སུ་སྤྱོད་རྒྱུ་བྱུང་ནས་དེ་སྔའི་ཤིང་འབྲས་ལྡུམ་ར་དཀྱུས་མ་དེ་མང་ཚོགས་འབབ་འཕར་ཡོང་བའི“ཕྱུག་འགྱུར་ལྡུམ་རར”གྱུར་ཡོད།
ད་ལོའི་ཟླ་2པར་བོད་ལྗོངས་མྱང་གཞུང་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ལྗིད་ཚད་ལ་སྟོང་ཁེ་1350ཟིན་པའི“མྱང་གཞུང་གི་ཕིང”ཁག་གཅིག་ཐུམ་སྒྲིལ་བྱས་ནས་ནེ་པ་ལར་བཏང་བས་ཕིང་ཕྱི་རྒྱལ་དུ་ཕྱིར་ཚོང་ཐོག་མ་ཐུབ་ཡོད།
བོད་ལྗོངས་མྱང་གཞུང་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་ནི་ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་གཞི་ཁྱོན་ཅན་གྱི་ཁེ་ལས་ཤིག་ཡིན་པ་དང་ཐོན་རྫས་གཙོ་བོ་མྱང་གཞུང་གི་ཕིང་ཡིན་པ་དང་། དེའི་མ་བཅོས་རྒྱུ་ཆ་ཚང་མ་ས་གནས་དེ་གའི་མི་སེར་གྱི་ལག་ནས་ཉོ་སྒྲུབ་བྱེད་ཀྱི་ཡོད། ཀུང་སིའི་ལས་མི་ཐོག་མའི་མི་5ནས་ད་ཆའི་མི་150ལྷག་ཙམ་བར་མང་དུ་ཕྱིན་ཡོད། ཀུང་སི་དེའི་འགན་འཁུར་བས་འབྱུང་འགྱུར་མྱང་གཞུང་ཕིང་གི་ཁྱད་ལྡན་སྤུས་རྟགས་མུ་མཐུད་སྟོབས་ཆེར་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་སྔར་བས་རྒྱ་ཆེར་བཏང་སྟེ་མང་ཚོགས་དེ་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད།
མང་ཚོགས་ཀྱི་འཛུམ་མདངས་ནི་འཛད་ཟོག་ཕྱིར་གཏོང་གི་གྲུབ་འབྲས་ཡག་ཤོས་ཡིན། དུས་ཚིགས་དང་པོར་རང་ལྗོངས་ཀྱི་འཛད་ཟོག་ཕྱིར་གཏོང་དུས་མཚུངས་ལས་16.1%འཕར་བ་མ་ཟད། མང་ཚོགས་སྟོང་ཕྲག་ཁ་ཤས་ཀྱི་ལས་ཞུགས་འབབ་འཕར་ལ་དེ་བས་སྐུལ་ཁྲིད་ཐུབ་ནས་ས་མཐོའི་ཁྱད་ལྡན་ཐོན་ཁུངས་བདེ་བླག་ངང་དམངས་འཚོའི་བདེ་རྩར་གྱུར་པ་མ་ཟད། “བོད་ལྗོངས་མིང་ཅན”གྱི་སྤུས་རྟགས་མང་ཚོགས་ཕྱུག་འགྱུར་གྱི“གསེར་གྱི་ལྡེ་མིག”ལ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།