མཚོ་སྔོན་གྱིས་སྤྱོད་མི་ཆོག་པ་དང་སྤྱོད་རྒྱུར་ཚད་བཀག་བཟོས་པའི་ཞིང་སྨན་ཁྲིམས་འགལ་ངང་ཐོན་སྐྱེད་དང་། ཚོང་གཉེར། བེད་སྤྱོད་བཅས་བྱེད་རིཌ་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཉེ་དུས་སྣེ་ཁྲིད་དེ་སྤྱོད་མི་ཆོག་པ་དང་སྤྱོད་རྒྱུར་ཚད་བཀག་བཟོས་པའི་ཞིང་སྨན་ཁྲིམས་འགལ་ངང་ཐོན་སྐྱེད་དང་། ཚོང་གཉེར། བེད་སྤྱོད་བཅས་བྱེད་རིགས་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། ཞིང་ཆེན་དེའི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དོན་དངོས་ལ་གཞི་ཚུགས་ནས་གཙོ་གནད་ས་ཁོངས་དང་། གཙོ་གནད་སྣ་ཁ། གཙོ་གནད་ལྷུ་ཚིགས་བཅས་ལ་དམིགས་ཏེ་བྱ་ཐབས་ནན་པོ་སྤྱོད་པ་དང་ལྟ་འདོམས་ནན་པོ་བྱས་པས། ཆེད་དོན་བྱ་སྤྱོད་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད།
ཁུལ་ཁོངས་ཡོངས་ལ་ཁྱབ་པ་དང་ཁུག་གསང་སྟོང་གསུམ་མ་ལུས་པ་མཐའ་འཁྱོངས་བྱས་ཤིང་། ཁྲིམས་སྒྱུར་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཞིང་སྨན་ཚོང་ཁང་དང་། འདེབས་འཛུགས་མཉམ་ལས་ཁང་། ཁྱིམ་ཚང་ཞིང་ར་བཅས་སུ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་ཡོད། རིམ་རྩིས་བརྒྱབ་ན་ཁྲིམས་སྒྱུར་བ་མི་ཐེངས་700ལྷག་ཙམ་བཏང་ནས་ཚོང་ཁང་600ལྷག་དང་མཉམ་ལས་ཁང་8ལ་ཞིབ་བཤེར་བྱས་པ་དང་། ཚོང་གཉེར་བྱེད་པོ་31ལ་མཐིལ་རྟོགས་བྱས་ཡོད། ཚོང་གཉེར་བྱེད་པོར་འགན་འཁྲི་གཙོ་བོ་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་བྱས་པ་དང་དག་ཐེར་བརྡ་ཐོ་བཏང་བ་མ་ཟད《སྤྱོད་མི་ཆོག་པ་དང་སྤྱོད་རྒྱུར་ཚད་བཀག་བཟོས་པའི་ཞིང་སྨན་གྱི་མིང་གཞུང》500ལྷག་སྤྲད་པ་དང་། ཚོང་གཉེར་བྱེད་པོ་སྒྲིག་འཛུགས་བྱས་ནས་ཁྲིམས་སྲུང་ཚོང་གཉེར་གྱི་ཁས་ལེན་ཡི་གེ་འཇོག་ཏུའང་བཅུག་ཡོད། ཞིང་ཆེན་དེའི་ཞིང་འབྲོག་ཁུལ་ཁྱབ་རྒྱ་ཆེ་བ་དང་ཚོང་གཉེར་བྱེད་ས་ཁ་ཐོར་ཡིན་པའི་དོན་དངོས་ལ་གཞིགས་ནས། ཤང་དང་གྲོང་རྡལ་དུ་སྐོར་སྐྱོད་ཀྱི་ཚོང་པ་ཉི་ཚེ་བ་དང་འབྲོག་ཁུལ་གྱི་ཚབ་འཚོང་ས་ཚིགས་ལ་གྲལ་བཤེར་བྱེད་ཤུགས་གཙོ་གནད་ཐོག་ཆེ་རུ་བཏང་སྟེ་ལྟ་འདོམས་ལ་འཐུས་ཤོར་སོང་བའི་གནས་མ་ལུས་པ་བྱས་ཡོད།
ཁྲིམས་སྒྱུར་གྱོད་སྒྲུབ་བྱ་རྒྱུ་དེ་ཉིད་ཆེད་དོན་བཅོས་སྒྲིག་གི་ལྟེ་བའི་དམ་འཛིན་བྱ་གཞིར་བརྩིས་ཏེ་གྱོད་གཞི་ཡོད་ན་ངེས་པར་དུ་རྩད་གཅོད་དང་རྩད་གཅོད་བྱས་ཕྱིན་ངེས་པར་དུ་འབྲས་བུ་ཐོན་པ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། རིམ་རྩིས་བརྒྱབ་ན་ཁྲིམས་འགལ་གྱི་གྱོད་གཞི་10ཞིབ་བཤེར་རྩད་གཅོད་བྱས་པ་དང་། སྒྲིག་འགལ་གྱི་ཞིང་སྨན་རིགས་11དང་ཤེལ་དམ་480(འགྱིག་ཤོག)བཀག་ཉར་བྱས་ཡོད། མང་ཚོགས་ཀྱི་ཐེར་འདོན་གོང་ཞུ་6བདག་སྤྲོད་བྱས་པ་དང་གནད་དོན་5ཐག་གཅོད་བྱས་ནས་མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་བཏབ་སྟེ་ཞིང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།