དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ས་ཁོངས་ཀྱི་མཉམ་འགུལ་ནུས་པ་ཤུགས་ཆེར་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཧུང་མིང་།   |     སྤེལ་དུས།  2026-07-30

    འདི་ནི་བོད་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ཡིན་པ།

    བོད་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ས་ཁོངས་ཀྱི་མཉམ་འགུལ་ནུས་པ་ཤུགས་ཆེར་ཕྱིན་པ།

    བོད་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་དངུལ་མདོག་གི་དར་དཀར་རིང་པོ་ཞིག་རི་བོའི་མྱུ་ཁྱུད་དུ་ཀྱག་ཀྱོག་ངང་འཐེན་པ་དང་གཉིས་སུ་མ་མཆིས་ཤིང་། དེས་ལྷ་ས་དང་ལྷོ་ཁའི་དབར་གྱི་འགྲོ་འོང་འབྲེལ་མཐུད་ཐུབ་ལ། ལམ་རྒྱུད་ཀྱི་གྲོང་གསེབ་འཕེལ་རྒྱས་འགྲོ་བའི་སྒུལ་ནུས་ཀྱང་ཤུགས་ཆེར་ཕྱིན་ཡོད།

    ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་47.46ཟིན་པའི་བོད་ཀྱི་S5ལམ་ཐིག་གི་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་དེ་2024ལོའི་ཟླ་12ཚེས་18ཉིན་དངོས་སུ་ཤར་གཏོང་ཐུབ་ཅིང་། ལམ་དེ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་གྱི་ཉིང་ཁྲི་ནས་ལྷ་སའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འབྲེལ་མཐུད་ལྟེ་གནས་ནས་འགོ་ཚུགས་ཏེ། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་གོང་དཀར་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ནས་མཇུག་རྫོགས་ཡོད་པས། ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དབར་རླངས་འཁོར་ལ་བསྡད་ན་བར་ཐག་སྤྱི་ལེ་65ཙམ་ཐུང་དུ་ཕྱིན་ནས་ལམ་བར་དུ་ཆུ་ཚོད་1ལས་འགོར་གྱི་མེད་པ་རེད།

    བོད་ཀྱི་S5ལམ་ཐིག་གི་རྒོད་དཀར་ལ་ཕུག་ལམ་ཡོངས་སུ་ཤར་གཏོང་ཐུབ་པ་དེས་ལམ་རྒྱུད་ཀྱི་མང་ཚོགས་ཕྱིར་བསྐྱོར་རྒྱུར་སྟབས་ཧ་ཅང་བདེ་རུ་ཕྱིན་པ་མ་ཟད། ལམ་རྒྱུད་ཀྱི་ཡུལ་སྐོར་དང་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ནས་ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་ཐུབ་ཡོད།

    བདེ་ཆེན་གྲོང་རྡལ་ཤིང་ཚང་གྲོང་ཚོ་རི་ཁུག་ཏུ་གནས་ནས་རྒོད་དཀར་ལ་ཕུག་ལམ་བར་སྤྱི་ལེ་ཁ་ཤས་ཀྱིས་ཆོད་ཡོད། ཡུལ་མི་རྡོ་རྗེས“མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དེས་ཕྲུ་གུ་སྟག་རྩེ་ཆུས་ཀྱི་སློབ་གྲྭར་སྐྱེལ་རྒྱུར་ལམ་ཐག་ཐུང་དུ་ཕྱིན་པ་མ་ཟད། ཁྱིམ་མི་ལྷ་སར་དངོས་ཟོག་ཉོ་བ་དང་སྨན་ཁང་བསྟེན་པར་དེ་བས་སྟབས་བདེ་རུ་ཕྱིན་འདུག”ཅེས་བཤད།

    འགྲིམ་འགྲུལ་གཞུང་ལམ་དྲ་བ་ཤར་གཏོང་ཐུབ་པ་དེས་ལམ་རྒྱུད་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་འགྲོ་བར་གསོན་ཤུགས་བསྣན་ཡོད། བདེ་ཆེན་གྲོང་རྡལ་བདེ་ཆེན་གྲོང་ཚོའི་བསོད་ནམས་དར་རྒྱས་བཞོན་མ་གསོ་སྤེལ་མཉམ་ལས་ཁང་ཚོང་ལམ་ཡག་པོ་མེད་པའི་དཀའ་ངལ་འཕྲད་མྱོང་ཡོད། གཞུང་ལམ་ཤར་གཏོང་ཐུབ་པས་ཉེ་བའི་ལོ་གཉིས་རིང་མཉམ་ལས་ཁང་གིས་བློ་ཁོག་ཆེན་པོས་གསར་གཏོད་བྱས་པས་འཕེལ་རྒྱས་གསར་པ་བྱུང་ཡོད།

    མཉམ་ལས་ཁང་གི་འགན་འཁུར་བ་བསོད་ནམས་དར་རྒྱས་ཀྱིས། མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་རྫོང་དང་ཆུས་བསྒྲལ་ནས་འོ་མ་བཙོངས་པར་ལོ་གཅིག་གི་ཡོང་འབབ་ཁེ་གཙང་སྒོར་ཁྲི་80དང་། འོ་མ་མཁོ་འདོན་བྱེད་མཁན་ཞིང་དུད་ལ་ལོ་ལྟར་ཡོང་འབབ་སྒོར་ཁྲི་12 མཉམ་ལས་ཁང་གིས་ལོ་ལྟར་བེའུ་བཙོངས་པའི་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བཅས་ཟིན་གྱི་ཡོད་ཅེས་བཤད།

    བོད་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཚུན། སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་མ་ཟད། ལམ་རྒྱུད་གྲོང་གསེབ་ཀྱི་དཔལ་འབྱོར་ཐོན་ལས་དང་པོ་ནས་ཐོན་ལས་གསུམ་པར་རིམ་སྤོར་བྱ་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད།

    ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་སངས་ཕུ་གྲོང་ཚོ་ནི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དོན་སར་གནས་ཡོད། ཉེ་བའི་ལོ་ཤས་རིང་། སངས་ཕུ་གྲོང་ཚོས་གྲོང་གསེབ་ཀྱི་བེད་མེད་ཐོན་ཁུངས་སྤྱི་འདོམས་ངང་བེད་སྤྱད་དེ་སྤྲོ་གསེང་ལྟ་སྐོར་དང་རིག་གནས་ཉམས་ལེན་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཀྱི་ཡུལ་སྐོར་ཕྱོགས་བསྡུས་རྣམ་གྲངས་ཚད་གཞི་མཐོ་པོས་བསྐྲུན་པ་མ་ཟད། ཡུལ་སྐོར་གྲུ་གཟིངས་ལ་བསྡད་དེ་ལྟ་སྐོར་དང་། གླིང་ཁར་སྒར་བརྒྱབ་ནས་ཞག་སྡོད་བྱེད་པ། ཐང་སྟོང་དུ་སྦག་སྦག་གཏོང་བ་སོགས་ཀྱི་རོལ་རྩེད་རྣམ་གྲངས་ཀྱང་བཙུགས་ཡོད།

    བོད་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་གྲྭ་ཞིག་ཡིན་པས། དེས་གཞུང་ལམ་ལམ་རྒྱུད་ཀྱི་མི་འགྲུལ་དང་། ཟོག་འགྲུལ། འཕྲིན་འགྲུལ་བཅས་ལ་སྐུལ་མ་ཐེབས་ཡོད། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་། མང་ཚོགས་ཕྱིར་བསྐྱོད་རྒྱུར་སྟབས་བདེ་བྱུང་བ་དང་སྦྲགས། ཡུལ་སྐོར་དང་ཞིང་འབྲོག་ལས་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ནས་ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་མ་ཐེབས་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།