“ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད”
“1921ལོར་ཏང་དབུ་བརྙེས་མ་ཐག་པའི་སྐབས་སུ་ཏང་ཡོན་50ལྷག་ཙམ་ལས་མེད་པ་ནས་ད་ཆ་འཛམ་གླིང་ཐོག་གི་སྲིད་འཛིན་ཏང་ཆེ་ཤོས་སུ་གྱུར་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་བཏོད་ཡོད”ཅེས་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཟུར་པ་དང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མུའུ་ཝུན་ཁྲ་ཡིས་བཤད་པ་དང་། ཁོང་གིས“ལོ་105ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད”ཅེས་བརྗོད།
ཉིན་ཤས་གོང་ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ། དེང་རབས་ཅན་གྱི་འགྲོ་ལམ་ཐོག་གི་སྲིད་ཏང་གི་འགན་འཁྲི་འཁུར་སེམས”ཞེས་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར་ཞུགས་མཁན་ཁེན་ནི་ཡའི་སྲིད་ཏང་གི་མི་སྣ་དང་ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་ཐོབ་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་གྲོས་བསྡུར་འཁྲུག་པོ་བྱས་ཤིང་། ཁེན་ཀྲུང་གི་ཏང་དང་རྒྱལ་ཁབ་སྐྱོང་བའི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་གྱིས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་སྐྱོད་པའི་ཕུགས་རེ་བཅངས་པ་རེད། ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀུའོ་ཧའེ་ཡན་གྱིས། ད་ཆའི་ཀྲུང་གོར་ཤེས་རྟོགས་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་ལ་ཤེས་རྟོགས་བྱེད་དགོས། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་དོན་ནི་ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་འདུ་ཤེས་དང་། རྒྱལ་སྐྱོང་མཛད་ཇུས། དེ་བཞིན་འབད་འཐབ་ལོ་རྒྱུས་བཅས་དེ་བས་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ངོས་འཛིན་ཟབ་ཏུ་གཏོང་ཆེད་ཡིན་ཞེས་བཤད།
“ང་ཚོས་ཀྲུང་གོ་ནས་སྦྱངས་པའི་རྩ་ཆེའི་ཉམས་མྱོང་ཁེན་ནི་ཡར་ཁྱེར་ནས་རང་རྒྱལ་ཁབ་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དཔྱད་གཞིར་འཛིན་པ་དང་བེད་སྤྱོད་གཏོང་གི་ཡོད”ཅེས་ཁེན་ནི་ཡའི་སྲིད་འཛིན་ཏང་མཉམ་འབྲེལ་དམངས་གཙོ་མནའ་མཐུན་རྒྱལ་ཡོངས་ཀྱི་ཀྲུའུ་ཞི་མུའུ་པཱ་ལིར་གྱིས་བརྗོད་པ་དང་། ཁོང་གིས་ཉེ་བའི་ལོ་ཤས་རིང་མཉམ་འབྲེལ་དམངས་གཙོ་མནའ་མཐུན་གྱིས་ཀྲུང་གོར་སློབ་སྦྱོང་དང་སྤེལ་རེས་བྱེད་པར་ཐེངས་མང་བསྐྱོད་དེ་ཀྲུང་གོ་གུང་ཁྲན་ཏང་ལས་ཏང་འཛུགས་སྐྱོང་གི་ཉམས་མྱོང་སློབ་སྦྱོང་བྱས་པས་ཏང་དེའི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་ཅེས་བཤད། ཀྲུང་གོ་གུང་ཁྲན་ཏང་གི་ཏང་སྐྱོང་ཉམས་མྱོང་ལས་བློ་སྒོ་ཕྱེ་ནས། མཉམ་འབྲེལ་དམངས་གཙོ་མནའ་མཐུན་གྱིས་འགོ་ཁྲིད་ནུས་པའི་གསོ་སྦྱོང་ལྟེ་གནས་གྲབས་འཛུགས་བྱེད་བཞིན་ཡོད་པ་དང་། དེར་བརྟེན་ནས་ཏང་དེའི་ལས་བྱེད་པ་དང་འགོ་ཁྲིད་ཤེས་ལྡན་པར་བརྒྱུད་རིམ་ལྡན་པའི་གསོ་སྐྱོང་བྱེད་ཀྱི་རེད།
“ཀྲུང་གོར་དཔལ་འབྱོར་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དབུལ་སྒྲོལ་འགག་སྒྲོལ། ཚན་རྩལ་གསར་གཏོད་བཅས་ཀྱི་ཁྱབ་ཁོངས་སུ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དེ་བཞིན་འབྲེལ་ཡོད་ཉམས་མྱོང་ལ་རིན་ཐང་གལ་ཆེན་ལྡན་པ་གང་ལེགས་མངོན་གྱི་ཡོད”ཅེས་ཁེན་ནི་ཡའི་མཉམ་འབྲེལ་དམངས་གཙོ་ལས་འགུལ་གྱི་སྤྱི་ཁྱབ་ཧྲུའུ་ཅི་པང་ཅ་ལའེ་ཡིས་བརྗོད་པ་དང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་དབར་མཛའ་གྲོགས་དང་མཉམ་ལས་བྱེད་པར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཁེན་ནི་ཡའི་མཉམ་འབྲེལ་དམངས་གཙོ་ལས་འགུལ་གྱི་ལམ་ལུགས་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་གོ་དང་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།