དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཡིད་ཆེས་ཆེན་པོ་འདི་ལས་ཀྲུང་གོའི་ངེས་ཤུགས་དང་འགན་སེམས་མཚོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2026-07-30

    བློ་ལ་བབས་པོ་ནི་ཁུངས་ལུང་མེད་པར་གླེང་ཕྱོགས་ལ་འགྱུར་ལྡོག་བྱུང་བ་ཞིག་མིན་པར། ཀྲུང་གོས་དུས་ཡུན་རིང་པོར་བྱ་སྤྱོད་དངོས་ལ་བརྟེན་ནས་བསགས་པའི་རྒྱལ་སྤྱིའི་ངོས་འཛིན་གཅིག་མཐུན་ཞིག་རེད།

    ཨ་རིའི་ཕི་ཡིའུ་ཞིབ་འཇུག་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་གོ་ལ་ཧྲིལ་པོའི་ལྟ་སྟངས་ཀྱི་བརྟག་དཔྱད་བྱས་འབྲས་གསར་ཤོས་ལ་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད། རྒྱལ་ཁབ་དང་ས་ཁུལ་36ལ་ཁྱབ་པ་དང་བཅར་འདྲི་དང་ལེན་བྱེད་མཁན་ཁྲི་4.2ཟིན་པའི་བརྟག་དཔྱད་བྱས་འབྲས་དེ་ལས་མངོན་པར། རྒྱལ་ཁབ་དང་ས་ཁུལ་27གྱི་དམངས་ཚོགས་ཀྱི་ཀྲུང་གོར་དགའ་པོ་བྱེད་ཚད་ཨ་རི་ལས་མཐོ་ཞིང་། སི་ཕེན་དང་། དབྱི་ཐ་ལི། ཁ་ན་ཏ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོར་འཛིན་པའི་ལྟ་ཚུལ་ལ་འགྱུར་ལྡོག་དེ་བས་མངོན་གསལ་དོད་པོ་འགྲོ་བཞིན་ཡོད། དེ་ནི་ལྟེ་གནས་འདིས་2002ལོར་ཀྲུང་གོ་དང་ཨ་རིར་འཛིན་པའི་གོ་ལ་ཧྲིལ་པོའི་ལྟ་ཚུལ་ལ་རྗེས་སྙེག་ཤེས་རྟོགས་བྱེད་འགོ་བཙུགས་པའི་ཚུན་དུ། བརྟག་དཔྱད་དང་ལེན་བྱེད་མཁན་རྒྱལ་ཁབ་ཀྱི་དམངས་ཚོགས་བཅུ་ཆ་བདུན་ལྷག་ཙམ་གྱི་བློ་ལ་བབས་ཚད་གདེང་འཇོག་ཁྲོད་ཀྲུང་གོ་མདུན་གྲལ་དུ་སླེབས་ཐེངས་དང་པོ་རེད།

    གྲངས་གཞི་ལས་རྟོགས་པ་ནི་འཛམ་གླིང་གི“ཤར་ཕྱོགས་ལ་ལྟ་བའི”ཚ་རླབས་རེད། རྒྱལ་སྤྱིའི་སྨྱན་སྦྱོར་མི་ཉུང་བས། ལྟ་སྟངས་ལ་འགྱུར་ལྡོག་བྱུང་བ་ནི་བསམ་ཡུལ་ལས་འདས་པ་ཞིག་མིན་ཏེ། བློ་ལ་བབས་པོ་ནི་ཁུངས་ལུང་མེད་པར་གླེང་ཕྱོགས་ལ་འགྱུར་ལྡོག་བྱུང་བ་ཞིག་མིན་པར། ཀྲུང་གོས་དུས་ཡུན་རིང་པོའི་ནང་བྱ་སྤྱོད་དངོས་ལ་བརྟེན་ནས་བསགས་པའི་རྒྱལ་སྤྱིའི་ངོས་འཛིན་གཅིག་མཐུན་ཞིག་ཡིན་པ་ར་སྤྲོད་བྱེད་ཀྱི་ཡོད།

    འཕེལ་རྒྱས་ཀྱི་སྤུས་ཚད་ནི་ཀྲུང་གོའི་གོ་སྐོན་བློ་འགུག་ཐུབ་ཤོས་ཀྱི་རྒྱལ་ཁབ་ཀྱི་མིང་བྱང་རེད། 2025ལོར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་140ལས་ཐོག་མར་བརྒལ་ཞིང་། 2026ལོའི་ལོ་སྟོད་དུ“བརྟན། མཉེན། གསར། ལེགས”བཞིའི་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རིན་ཐང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རྒྱལ་ཁབ་དེ་བས་མང་པོས་ཀྲུང་གོས་ལས་ཕྱོད་དང་དྲང་གཞག་གཉིས་དང་འཕེལ་རྒྱས་དང་མཉམ་སྤྱོད་གཉིས་ཀར་ལྟ་རྟོག་བྱེད་པའི་དེང་རབས་ཅན་གྱི་ལམ་བུར་བསྐྱོད་དེ། གོ་ལ་ཧྲིལ་པོས་དེང་རབས་ཅན་གྱི་རྣམ་པ་འཚོལ་ཞིབ་བྱ་རྒྱུར་གདམ་ག་གསར་རྐྱང་ཞིག་མཁོ་འདོན་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    སྒོ་དབྱེའི་བྱ་ཐབས་ནི་ཀྲུང་གོས་འཛམ་གླིང་དང་འབྲེལ་མཐུད་བྱེད་པའི་ཟམ་པ་དང་འབྲེལ་ཐག་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེར་བརྟེན་ནས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་མཉམ་ལས་ལ་བརྟེན་ནས་གཉིས་ཁེ་དོན་གཉེར་མཐའ་འཁྱོངས་བྱས་ཏེ། འཛམ་གླིང་ལ་སྒོ་དབྱེ་བསྟུན་མཁས་ཀྱི་བརྡ་རྟགས་གསལ་པོ་རྒྱུན་ཆད་མེད་པར་བཏང་བ་དེ། རྒྱལ་ཁབ་ཁག་གཅིག་གིས་བཙན་རྫོང་བསྐྲུན་པ་དང་འབྲེལ་ཐག་བཅད་པའི་བྱེད་སྟངས་དང་བསྡུར་ན་ཁྱད་པར་མངོན་གསལ་དོད་པོ་ཡོད། ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ཚང་མ་དང་ཕྱི་འབྲེལ་བཙུགས་པའི་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཚང་མར་ཕྱོགས་རྐྱང་པ་དང་ཡོངས་སུ་ཁྱབ་པའི་སྒོ་ཁྲལ་མེད་པའི་ཐོབ་ཐང་མངོན་འགྱུར་བྱེད་མཁན་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྡེ་གཞི་གཙོ་བོ་ཐོག་མ་ཡིན་པའི་ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁྲོམ་རའི་སྒོ་མོ་ཡངས་སུ་ཕྱེ་ཡོད། རྒྱལ་ཁབ་55ལ་ཕྱོགས་ནས་ལག་ལེན་བསྟར་བའི་ཆུ་ཚོད་240ཡི་ས་མཚམས་སྒྲོལ་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལས་ཕྱི་རྒྱལ་གྱི་སྤྱི་དམངས་ཀྲུང་གོར་ཡུལ་སྐོར་དུ་ཡོང་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

    སྲིད་ཇུས་ཀྱི་ངེས་ཤུགས་ནི་ཀྲུང་གོར་ཡིད་ཆེས་ཐོབ་པའི་རྩ་ཆེའི་རྒྱུ་ནོར་ལྟ་བུ་རེད། མིག་སྔར་ཕྱོགས་རྐྱང་རིང་ལུགས་ཀྱི་མགོ་བོ་སླར་ཡང་བཏེགས་ཤིང་། ས་འབྲེལ་གྱི་གདོང་གཏུག་ཚབས་ཆེ་རུ་ཕྱིན་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཅུང་འགོར་ལ། གཏན་འཁེལ་མེད་པའི་རང་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཐོན་མང་བའི་ཚིག་ཏུ་གྱུར་ཡོད། ས་ཁུལ་གྱི་གདོང་གཏུག་ལ་ཁ་གཏད་གཅོག་སྐབས་ཀྲུང་གོས་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ངན་སྐུལ་མི་བྱེད་པར་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཕྱོགས་སུ་ལངས་ཡོད། རྒྱལ་སྤྱིའི་མཉམ་ལས་བྱེད་སྐབས་ཀྲུང་གོས་སྒོ་མོ་ཕྱེ་ཞིང་། བཙན་རྫོང་མི་བསྐྲུན་པ་དང་འབྲེལ་ཐག་མི་གཅོད་པར་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་ཀྱི་ཡོད།

    གོ་ལ་ཧྲིལ་པོའི་ཡིད་ཆེས་ཆེན་པོ་འདིའི་དོན་སྙིང་ནི་རྒྱལ་ཁབ་དབར་གྱི་སྟོབས་འབྱོར་མཐོ་དམན་མིན་པར། དེ་ལས་རྒྱལ་ཁབ་ཁག་གིས་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་ལ་བཅངས་པའི་ཐུན་མོང་གི་རེ་འདོད་མཚོན་པ་དེ་ཡིན། འཕོ་འགྱུར་ཆེན་པོའི་ཁྲོད་དུ་ཁ་ཕྱོགས་གཏན་འཁེལ་དང་རྙོག་འཛིང་ཆེན་པོའི་ཁྲོད་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་ངེས་གཏན་རང་བཞིན་ལ་བརྟེན་ནས་འཛམ་གླིང་ལ་དྲང་ནུས་དེ་བས་མང་བ་སྣོན་པ་ནི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འགྱུར་མེད་བརྟན་སྲུང་བྱེད་པ་ཞིག་ཡིན་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་དགོས་ངེས་ཀྱི་བྱ་སྤྱོད་ཅིག་ཀྱང་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།