ལོ་སྟོད་དུ་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་གཏུག་བཤེར་རྫུན་མ་ཐག་གཅོད་བྱེད་ཚད་དུས་མཚུངས་ལས་བཅུ་ཆ་གཉིས་ཙམ་ཆག་པ།
གསར་འགོད་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། 2006ལོའི་ཟླ་དང་པོ་ནས་དྲུག་པའི་བར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་གཏུག་བཤེར་རྫུན་མ་3186ཐག་གཅོད་བྱས་པ་དེ་དུས་མཚུངས་དང་བསྡུར་ན་18.6%ཆག་ནས། གཏུག་བཤེར་རྫུན་མ་ཐོན་མང་བའི་སྣང་ཚུལ་ལ་ཚོད་འཛིན་ངེས་ཅན་ཐུབ་ཡོད་པ་རེད།
གཏུག་བཤེར་རྫུན་མར“ཞུ་གཏུག་རྫུན་མ་རྒྱག་པ”ཡང་ཟེར་ཞིང་། དེས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་གཏོང་བ་མ་ཟད། ཁྲིམས་འཛིན་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་ལ་གཏོར་བཤིག་ཀྱང་གཏོང་གི་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་གཞི་ཐག་གཅོད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། གཏུག་བཤེར་རྫུན་མར་རིགས་གསར་པ་དང་རྣམ་པ་གསར་པ་ཐོན་གྱི་ཡོད་པ་དང་། དེ་དག་གིས་མི་སྒེར་གྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་མ་ཟད་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལའང་རིམ་བཞིན་མཆེད་ཀྱི་ཡོད་པས། བཅོས་སྒྲིག་ལ་ཤུགས་སྣོན་རྒྱུན་མཐུད་རྒྱག་དགོས་ཀྱི་ཡོད།
སྤྱི་པའི་རྒྱུ་ནོར་ལ་གནོད་འཚེ་བཏང་བའི་གཏུག་བཤེར་རྫུན་མ་ཐོན་ནས་རྒྱུ་ནོར་གྱི་གྱོང་གུན་ཆེན་པོ་བཟོས་ཡོད། རྒྱལ་ཁབ་ཀྱི་རྒྱུ་ནོར་དང་ཐུན་མོང་གི་རྒྱུ་ནོར་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན། གཞུང་ཁོངས་ཚན་པ་དང་ཡང་ན་ཐུན་མོང་རྩ་འཛུགས་ཀྱི་དོ་དམ་པས་གཡོ་ཐབས་ཀྱིས་བར་ཁེ་ཟ་ཆེད་འབྲེལ་བ་ཡོད་ཕྱོགས་དང་ངན་འབྲེལ་བྱས་ནས་བུ་ལོན་གཏོང་ལེན་དང་། ཉོ་ཚོང་། ཁག་ཐེག་སོགས་ཀྱི་དམངས་དོན་རྩོད་གཞི་རྫུན་བཟོ་བྱས་ཐོག གཏུག་བཤེར་བརྒྱུད་དེ་རིན་མེད་ནང་བཤུག་གམ་ཡང་ན་རིན་གོང་དམའ་པོས་འཚོང་བ་སོགས་ཀྱི་རྣམ་པ་སྤྱད་དེ་གཞུང་ཁོངས་རྒྱུ་ནོར་དང་། ས་ཞིང་། ས་ཁང་བཅས་ཧམ་བཟུང་དང་སྤོ་སྒྱུར་བྱས་ནས། རྒྱལ་ཁབ་དང་ཐུན་མོང་གི་རྒྱུ་ནོར་ལུགས་དང་མི་མཐུན་པར་ཇེ་ཉུང་དུ་འགྲོ་བ་དང་དེར་གནོད་འཚེ་ཕོག་གི་ཡོད།
རྒྱལ་ཁབ་བམ་ཡང་ན་ས་ཁུལ་རང་བཞིན་གྱི་སྙོམས་སྒྲིག་དང་དོ་དམ་ཚོད་འཛིན་བྱ་ཐབས་སོགས་སྤྱི་པའི་སྲིད་ཇུས་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཁྲོད་གཏུག་བཤེར་རྫུན་མ་ཐོན་སླ་པོ་ཡོད། བྱ་སྤྱོད་སྤེལ་མཁན་ཁ་ཤས་ཀྱིས་ཆེད་དམིགས་ཀྱི་དངོས་ཟོག་དཀོན་གྲས་དང་འོས་ཐོབ་སོགས་ཁྲིམས་འགལ་ངང་ཐོབ་པར་བྱ་ཆེད། ཉོ་ཚོང་དང་། བུ་ལོན་གཏོང་ལེན། བུ་ལོན་ཚབ་འཇལ་སོགས་དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བ་དང་དཔང་རྟགས་རྫུན་བཟོ་སོགས་བྱས་ནས་གཏུག་བཤེར་རྫུན་མ་བྱེད་ཀྱི་ཡོད། གཏུག་བཤེར་རྫུན་མ་འདིའི་རིགས་ནི་དེ་བས་རྩད་གཅོད་བྱེད་དཀའ་བ་མ་ཟད། མང་ཆེ་བ་མི་མང་པོ་དང་འབྲེལ་བའི་གྱོད་གཞི་ཡིན་པས། གཏུག་བཤེར་གྱི་སྒྲིག་ལམ་དང་ཁྲིམས་འཛིན་གྱི་ཀུན་ཡིད་ཆེས་ཚད་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་བཅས་ལ་གནོད་འཚེ་ཚབས་ཆེན་བཟོ་བ་དང་། ཐ་ན་མ་ལག་རང་བཞིན་གྱི་ཉེན་ཁ་ཐོན་ནས་སྤྱི་ཁོག་སྙོམས་སྒྲིག་སྲིད་ཇུས་ལག་བསྟར་གྱི་ཕན་འབྲས་ཆུང་དུ་གཏོང་གི་ཡོད།
རྒན་གསོའི་འགན་བཅོལ་དངུལ་དང་ལས་རྨས་འགན་བཅོལ་དངུལ་སོགས་ཆེད་སྤྱོད་མ་དངུལ་ནི་གཏུག་བཤེར་རྫུན་མ་མང་པོའི་དམིགས་ཡུལ་ཡིན། གཏུག་བཤེར་རྫུན་མ་འདིའི་རིགས་ཀྱིས་ངེས་མཁོའི་འགན་ལེན་མ་དངུལ་འཐེན་སྤྱོད་དང་། ཡིད་རྟོན་དྲང་གཞག་གི་མཐའ་ཚད་ལ་གཏོར་བཤིག་བཏང་ནས། དམངས་འཚོ་འགན་ལེན་སྲིད་ཇུས་ཀྱི་ཕུགས་ཕན་དོན་འཁྱོལ་ལ་འགོག་རྐྱེན་བཟོ་གི་ཡོད།
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། ཞིབ་དཔྱོད་ལས་ཁུངས་ཀྱིས་གཏུག་བཤེར་རྫུན་མའི་ལྟ་སྐུལ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “ཞིབ་དཔྱོད་ཆེ་གྲས་བཞིས”མཉམ་དུ་འགན་འཁྲི་སྒྲུབ་པར་སྣང་ཆེན་བྱེད་པ། གྲངས་གཞི་ཆེ་མོའི་བཅའ་ཁྲིམས་ལྟ་སྐུལ་དཔེ་དབྱིབས་ལ་བརྟེན་ནས་གྱོད་གཞིའི་ཁུངས་སྣེའི་འབྱུང་ཁུངས་རྒྱ་ཆེར་གཏོང་བ། འབྲེལ་ཡོད་འགན་ནུས་སྡེ་ཚན་གཞན་དག་དང་ཁུངས་སྣེ་རྩིས་སྤྲོད་དང་། མཉམ་འབྲེལ་ཞིབ་གཅོད། གྲུབ་འབྲས་ལྡོག་འདྲེན་སོགས་ཀྱི་མཉམ་ལས་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་བྱ་རྒྱུ་ཡིན། གཏུག་བཤེར་རྫུན་མའི་མ་ལག་རང་བཞིན་དང་མགོ་འབུས་རང་བཞིན་གྱི་གནད་དོན་གྱི་མངོན་མེད་རྐྱེན་ངན་ལ་དམིགས་ནས། གཏུག་བཤེར་རྫུན་མ་ཐོན་པའི་ཆོས་ཉིད་དང་འབྱུང་རྩ་ནས་བཅོས་སྒྲིག་བྱེད་ཐབས་ལ་ཞིབ་འཇུག་བརྡར་གཅོད་བྱས་ཏེ། འབྲེལ་ཡོད་སྡེ་ཚན་ལ་དུས་ཐོག་ཏུ་གནས་ཚུལ་སྙན་སེང་དང་གྲོས་འགོ་བཏོན་ནས། དམངས་དོན་གཏུག་བཤེར་རྫུན་མར་ཕྱོགས་བསྡུས་བཅོས་སྒྲིག་དང་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།
འབྲེལ་ཡོད་གསར་འགྱུར།