བྱང་ཐང་ཡངས་པོར་ཚན་རྩལ་ཁྱབ་གདལ་བཏང་བ།
——བོད་རང་སྐྱོང་ལྗོངས་ཀྱི“ཚན་རྩལ་གཤམ་སྤེལ”གྱི་གཅིག་ སྡུད་ཞབས་ཞུའི་བྱེད་སྒོའི་མཐོང་ཐོས།
དབྱར་ཟླ་བདུན་པར་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཟླ་7ཚེས་21ཉིན། བྱང་ཐང་གི་གྲོང་རྡལ་ཆུང་ངུ་དེར“ཚན་རྩལ་གཤམ་སྤེལ”གྱི་གཅིག་སྡུད་ཞབས་ཞུའི་བྱེད་སྒོ་སྤེལ་འགོ་ཚུགས། བྱེད་སྒོ་སྤེལ་ཡུལ་དུ་ཚན་པ་ཁག་གི་དམིགས་བསལ་ཚན་རྩལ་འགྲེམས་པང་གྲལ་ལྟར་འགྲིག་ཞིང་། འབྲི་རུ་རྫོང་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་པོ་གསར་པས་ཞིང་འབྲོག་ཐོན་རྫས་གཅིག་སྡུད་ཐོག་བཀྲམ་ཡོད།
བོད་རང་སྐྱོང་ལྗོངས་ཀྱི“ཚན་རྩལ་གཤམ་སྤེལ”གྱི་གཅིག་སྡུད་ཞབས་ཞུའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་པ་དང་བསྟུན། ད་ཐེངས་ཀྱི“‘ལོ་ལྔ་ཚན་བཅོ་ལྔ་པར’འབད་འབུངས་བྱེད། ཚན་རྩལ་ཁྱབ་གདལ་བཏང་ནས་ལེའུ་གསར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཞི་རིམ་གྱི་ཚན་རྩལ་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཚན་རྩལ་སྡེ་ཚན་གྱིས་ཞབས་ཞུའི་ཚོགས་པ་མང་པོ་སྒྲིག་འཛུགས་ཀྱིས་འབྲི་རུ་རྫོང་དུ་བསྐྱོད་དོན་ནི་སྤུས་ལེགས་ཀྱི་ཚན་རྩལ་ཐོན་ཁུངས་དང་ཞིང་འབྲོག་པའི་དགོས་མཁོའི་དབར་གྱི“མཐའ་མའི་འགག་གནད”སེལ་ཆེད་ཡིན་པ་རེད།
AIརིག་ནུས་རམ་འདེགས་ཡོ་བྱད་ཀྱི་འགྲེམས་སྟེགས་མདུན་དུ་ལོ་71ལ་སླེབས་པའི་མང་ཚོགས་ཁྲ་ཁོག་གི“མཛུབ་རྩེའི་བརྟག་དཔྱད”བྱས་ཟིན་ཞིང་། ཁོང་གིས་མཛུབ་མོ་ཞིབ་དཔྱད་ཚད་ལེན་ཡོ་བྱད་སྟེང་བཞག་ནས་སྐར་ཆ་ཁ་ཤས་སོང་རྗེས་བརྙན་ཤེལ་ཐོག་ཁྲག་དབྱང་དང་། ཁྲག་མངར། ཁྲག་ཚིལ་སོགས་གཟུགས་པོའི་གྲངས་གཞི་མང་པོ་གསལ་པོར་མངོན། “ད་ཆའི་ཚན་རྩལ་ཧ་ཅང་སྔོན་ཐོན་ཞིག་རེད། དེ་སྔ་སྨན་ཁང་དུ་ཉིན་ཕྱེད་ཙམ་ཕར་འགྲོ་ཚུང་འོང་བྱེད་དགོས་འདུག ད་ཆ་མཛུབ་མོ་བསྟན་པ་ཙམ་གྱིས་དེ་དག་ཚང་མ་བརྟག་དཔྱད་ཐུབ་པས། སྟབས་ཧ་ཅང་བདེ་པོ་འདུག”ཅེས་ཁྲ་ཁོག་གིས་བརྙན་ཤེལ་ལ་ལག་པ་རེག་བཞིན་དུ་མྱོང་ཚོར་ཟབ་མོས་བཤད། ཉེ་འགྲམ་གྱི་བང་བསྒྲིགས་ནས་བསྡད་པའི་མང་ཚོགས་ཚོས་ཀྱང་དེར་ཚོད་ལྟ་བྱེད་འདོད་བྱས།
བྱེད་སྒོ་སྤེལ་ཡུལ་གྱི་བྱེད་ནུས་ཁུལ་དབྱེ་བ་གསལ་བ་དང་ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་ཅིང་། བཤེར་རྟགས་བཤེར་ན་བྱ་དགའ་ཐོབ་པའི་ཚན་རིག་ཁྱབ་གདལ་གྱི་དྲི་བ་དྲིས་ལན་ཁུལ་དུ་མི་ཚོགས་ཀྱིས་ཁེངས་ཡོད། ཁོང་ཚོས་འཚང་ཁ་ཤིག་ཤིག་ངང་བཤེར་རྟགས་བཤེར་ནས་དྲི་བར་ལན་རྒྱག་པ་དང་སྤྲོ་སྣང་ལྡན་པའི་ངང་ཤེས་བྱ་སྦྱོང་བཞིན་ཡོད། སྲིད་ཇུས་དང་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་དང་དངོས་རྫས་སྤྲོད་ཁུལ་དུའང་མི་ཚོགས་ཀྱིས་ཁེངས་ཡོད་པས་ལས་དོན་པས་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་པ་དང་སེམས་རྩ་འཁོལ་པོས་ལག་རྟགས་སྤྲོད་བཞིན་ཡོད། བོད་གསར་རྙིང་བསྡུར་བའི་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་དུ་གོ་རིམ་ལྡན་པའི་སྒྲིག་གཤོམ་ལས་གངས་ལྗོངས་ས་མཐོའི་འགྱུར་ལྡོག་ཆེན་པོ་མངོན་ཡོད། ཕྱོགས་མང་མཉམ་འགུལ་དང་དབྱིངས་ཞུགས་རྣམ་པའི་ཚན་རིག་ཁྱབ་གདལ་བྱེད་སྟངས་ལ་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་དེ་གར་ལྟ་བ་དང་དེའི་ནང་ཧུར་ཐག་ཞུགས་པའི་ཡིད་དབང་བཀུག་པས་ཐང་ཆེན་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།
འབྲེལ་ཡོད་གསར་འགྱུར།