མི་ལོ་སུམ་ཅུ་ལྷག་ཙམ་ལས་གནས་བརྟན་སྲུང་གིས་གྲོང་གསེབ་སློབ་གསོར་ལེགས་སྐྱེས་འབུལ་མཁན་དོན་གྲུབ་སྒྲོལ་མ།
དབྱར་ཁའི་གུང་གསེང་བཞག་པས། མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་ལྟེ་བའི་སློབ་ཆུང་གི་སློབ་གྲྭ་ཁུ་སིམ་མེར་སྣང་། གསར་འགོད་པར་དོན་གྲུབ་སྒྲོལ་མ་འཕྲད་སྐབས་ཁོང་སློབ་མཇུག་རྒྱུགས་ཤོག་བཅོས་ཚར་ནས་ཁྱིམ་བདག་ཚོགས་འདུའི་གྲ་སྒྲིག་བྱེད་བཞིན་པའི་སྒང་རེད་འདུག “དབྱར་ཁའི་གུང་གསེང་བཞག་པ་དང་བསྟུན་ནས་ཕྲུ་གུ་ཚོའི་སློབ་དུས་འདིའི་འཚར་ལོངས་དང་འགྱུར་ལྡོག་ཐད་ལ་ཕྱོགས་སྡོམ་ཞིག་བྱེད་ཀྱི་ཡོད”ཅེས་དོན་གྲུབ་སྒྲོལ་མས་བཤད།
དོན་གྲུབ་སྒྲོལ་མ་ནི་ཉི་མ་ལྕང་རྭ་ཤང་ལྟེ་བའི་སློབ་ཆུང་གི་རྩིས་རིག་དགེ་རྒན་ཞིག་ཡིན་ཞིང་། ས་མཐོའི་གྲོང་གསེབ་སློབ་གྲྭར་སློབ་ཁྲིད་ལ་གཞོལ་ནས་ལོ་སུམ་ཅུ་ལྷག་ཙམ་འགྲོ་གི་ཡོད་པ་རེད། ཁོང་ལ་2024ལོར“རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན”གྱི་མཚན་སྙན་དང་། 2026ལོར“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི”མཚན་སྙན་ཐོབ་པ་རེད།
1992ལོར་དོན་གྲུབ་སྒྲོལ་མ་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་ཐེ་བ་ནང་གྲོང་ཚོའི་སློབ་ཁྲིད་ས་ཚིགས་སུ་ཚབ་ཁྲིད་དགེ་རྒན་ལ་འོང་། སྐབས་དེ་དུས་སློབ་ཁྲིད་ས་ཚིགས་སུ་ཆ་རྐྱེན་ཞན་པ་དང་། དགེ་རྒན་ཉུང་བ། ལས་འགན་ལྕི་བ་བཅས་ཡོད་པས། ཁོང་གིས་རྒྱ་ཡིག་དང་རྩིས་རིག་སོགས་ཀྱི་སློབ་ཁྲིད་ཀྱི་འགན་འཁུར་བ་དང་ཆབས་ཅིག འཛིན་གྲྭའི་ཀྲུའུ་རེན་དང་འཚོ་བའི་དགེ་རྒན་གྱི་འགན་ཡང་ཕྲག་ཏུ་འཁུར།
“ཕྲུ་གུ་མང་པོ་ཞིག་ཐག་རིང་པོ་ནས་སློབ་གྲྭར་ཡོང་གི་ཡོད་པས། ཉིན་དགུང་ཁྱིམ་དུ་ལོག་ཐུབ་ཀྱི་མེད་བཏབ་ངས་ཉིན་དགུང་ཁོང་ཚོར་ཁ་ལག་བཟོ་ཡི་ཡོད། ད་དུང་ཕྲུ་གུ་ལ་ལའི་ཁྱིམ་གྱི་འཚོ་བ་ཅུང་ཞན་པའི་དབང་གིས་ཡིག་ཆས་ཀྱང་ཉོ་ཐུབ་ཀྱི་མེད། དེར་བརྟེན། ངས་ཁོ་ཚོར་ཞ་སྨྱུག་དང་འབྲི་དེབ་ཉོ་གི་ཡོད”ཅེས་དོན་གྲུབ་སྒྲོལ་མས་བཤད།
སྐབས་དེ་དུས་དོན་གྲུབ་སྒྲོལ་མར་ཟླ་རེར་གླ་ཆ་སྒོར་75ལས་མེད་མོད། འོན་ཀྱང་ཕྲུ་གུ་ཚོར་ཡིག་ཆས་རག་རྗེས་ཀྱི་འཛུམ་མདངས་དེ་མཐོང་སྐབས། ཁོང་གིས་རང་གིས་དངུལ་བཏང་ནས་ཡིག་ཆས་ཉོ་རིན་ཆོག་འདུག་སྙམ་གྱི་ཡོད།
1997ལོར་གསོ་སྦྱོང་ཐེངས་མང་བྱས་པ་བརྒྱུད། དོན་གྲུབ་སྒྲོལ་མ་དངོས་གཞིའི་དགེ་རྒན་ལ་སྒྱུར་བའི་ཡིག་ཚད་ལོན་ནས་ལྷ་ས་གྲོང་ཁྱེར་དགེ་འོས་སློབ་གྲྭར(ད་ཆའི་ལྷ་ས་དགེ་འོས་སློབ་གླིང)ཟབ་སྦྱོང་དུ་འགྲོ་བའི་གོ་སྐབས་རག དེ་རྗེས་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་དང་སློབ་སྦྱོང་བྱས་པ་བརྒྱུད། ཁོང་གི་སློབ་ཁྲིད་ཀྱི་ནུས་པ་ཆེ་རུ་ཕྱིན་པས། 1999ལོའི་ཟླ་3པར་ཉི་མ་ལྕང་རྭ་ཤང་ལྟེ་བའི་སློབ་ཆུང་དུ་རྩིས་རིག་དགེ་རྒན་གྱི་ལས་ལ་གཞོལ།
གྲོང་གསེབ་ཀྱི་སློབ་གྲྭར་རྩིས་རིག་སློབ་ཁྲིད་བྱེད་རྒྱུ་ནི་ལས་སླ་པོ་ཞིག་མིན། དོན་གྲུབ་སྒྲོལ་མས། ཕྲུ་གུ་མང་པོ་ཞིག་གི་རྨང་གཞི་ཅུང་ཞན་པས་གོ་བ་ལེན་སྐབས་དཀའ་ཙམ་འདུག་པས་ཕྲུ་གུ་ཚོས་གོ་ཐུབ་པ་དང་སྦྱངས་དོད་ཡོང་ཆེད། ཁོང་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གོ་བདེ་རུ་བཏང་ནས་ཤེས་སུ་འཇུག་གི་ཡོད་ཅེས་བརྗོད།
དོན་གྲུབ་སྒྲོལ་མས་ཁྲིད་པའི་འཛིན་གྲྭའི་རྩིས་རིག་གི་སྦྱངས་འབྲས་རྟག་ཏུ་རྫོང་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད། རྣམ་ཀུན་ཁོང་གིས་ཕྲུ་གུ་ཚོར་སློབ་སྦྱོང་བྱེད་པའི་དོན་སྙིང་བཤད་ནས་ཕྲུ་གུ་ཚོས་སེམས་གཏིང་ནས་རང་འགུལ་ངང་སྦྱོང་འདོད་ཀྱི་བློ་ཞིག་སྐྱེ་ཐུབ་པ་བྱེད་ཀྱི་ཡོད། “ཤེས་ཡོན་གྱིས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ”ཅེས་པ་འདི་ནི་དོན་གྲུབ་སྒྲོལ་མས་རྒྱུན་དུ་སློབ་མར་བཤད་པའི་སྐད་ཆ་ཞིག་རེད།
ཉི་མ་ལྕང་རྭ་ཤང་ལྟེ་བའི་སློབ་ཆུང་གི་སློབ་མ་ནི་ཉེ་འཁོར་གྱི་གྲོང་ཚོ་མང་པོ་ནས་ཡོང་བ་ཡིན་པ་དང་སློབ་མ་མི་ཉུང་བ་ཞིག་རྒྱུན་དུ་སློབ་གྲྭར་ཞག་སྡོད་བྱེད་ཅིང་། གཟའ་མཇུག་ཏུ་གཞི་ནས་ཁྱིམ་དུ་ལོག་རྒྱུ་ཡོད། “སློབ་སྦྱོང་དང་འཚོ་བ་གང་ཡིན་རུང་ང་ཚོ་དགེ་རྒན་ཕྲུ་གུ་དང་མཉམ་དུ་གཤིབ་པའི་དུས་ཚོད་རིང་བས་འགན་འཁྲི་དེ་བས་ལྕི་བ་འཁུར་དགོས་ཀྱི་ཡོད”ཅེས་དོན་གྲུབ་སྒྲོལ་མས་བཤད།
པ་སངས་ལྷ་མོ་ནི་ཉི་མ་ལྕང་ར་ཤང་ལྟེ་བའི་སློབ་ཆུང་གི་2015ལོའི་སློབ་ཐོན་སློབ་མ་ཡིན་པ་དང་། དགེ་རྒན་ཞིག་བྱེད་གྲབས་ཡོད་པའི་པ་སངས་ལྷ་མོ་ན་ནིང་མ་ཡུམ་སློབ་གྲྭར་དངོས་སྦྱོང་བྱེད་པར་ཡོང་། “རྒན་དོན་གྲུབ་སྒྲོལ་མ་ལགས་ཀྱིས་ང་ཚོར་སློབ་ཚན་ལོ་6ཁྲིད་གནང་བ་རེད། སྐབས་དེ་དུས་ཁོང་གིས་ང་ཚོར་རེ་བ་ནན་པོ་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་རེ་བར་ང་རང་ཁོང་དང་འདྲ་བའི་དགེ་རྒན་ཕུལ་བྱུང་ཞིག་ཆགས་ན་བསམ་གྱི་འདུག”ཅེས་པ་སངས་ལྷ་མོས་བཤད།
སློབ་ཁྲིད་ཀྱི་ལས་ལ་གཞོལ་ནས་ལོ་སུམ་ཅུ་ལྷག་ཙམ་སོང་རིང་། དོན་གྲུབ་སྒྲོལ་མས་གྲོང་གསེབ་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་ཕྱིན་པར་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། ན་གཞོན་དགེ་རྒན་མང་པོ་ཞིག་སློབ་གྲྭ་འདིའི་འཆད་སྟེགས་སྟེང་དུ་འཛེགས་པ་ཡང་མཐོང་། ཁོང་རང་ཉིད་ཀྱིས་སློབ་ཚན་ཡག་པོ་ཁྲིད་པ་དང་སྦྲགས་ལོ་མང་རིང་བསགས་པའི་སློབ་ཁྲིད་རྣམ་པ་དང་འཛིན་གྲྭ་དོ་དམ་གྱི་ཉམས་མྱོང་ན་གཞོན་དགེ་རྒན་ལ་མཉམ་སྤྱོད་ཀྱིས་ཁོང་ཚོའི་ཕྱོགས་བསྡུས་འཇོན་ཐང་ཆེ་རུ་གཏོང་རོགས་བྱེད་ཀྱི་ཡོད།
ད་ཆ་ཉི་མ་ལྕང་རྭ་ཤང་ལྟེ་བའི་སློབ་ཆུང་དུ་ཚད་ལྡན་ཅན་གྱི་ལུས་རྩལ་ཐང་དང་། རིག་ལྡན་སློབ་ཁང་། ནུས་མང་ཚོད་ལྟ་ཁང་། འཚོ་བཅུད་ལེགས་པའི་ཟ་ཁང་སོགས་ཡོད་པས། གྲོང་གསེབ་ཀྱི་ཕྲུ་གུ་ཚོར་དེ་བས་ལེགས་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་ལྡན།
འགྱུར་ལྡོག་དེ་ལྟ་བུ་ནི་བོད་ཀྱིས་སློབ་གསོ་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བའི་མཚོན་ཚུལ་ཞིག་རེད། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། 2025ལོའི་ལོ་མཇུག་བར། བོད་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3679དང་། དགེ་རྒན་དང་ལས་བཟོ་ཁྲི་9.88 སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་97བཅས་ཡོད་པ་དང་། འོས་འགན་སློབ་གསོ་དང་མཐོ་རིམ་སློབ་གསོའི་དམིགས་ཚད་གཙོ་བོ་མུ་མཐུད་མཐོ་རུ་འགྲོ་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
སློབ་མ་མང་པོ་ཞིག་སློབ་གྲྭ་དེ་ནས་ཐོན་ཏེ་རིམ་པ་དེ་ལས་མཐོ་བའི་སློབ་གྲྭར་འགྲོ་བཞིན་ཡོད་ན་ཡང་། དོན་གྲུབ་སྒྲོལ་མས་ཐོག་མཐའ་བར་གསུམ་དུ་ས་མཐོའི་གྲོང་གསེབ་ཀྱི་འཆད་སྟེགས་སྟེང་དུ་ལས་གནས་བརྟན་སྲུང་བྱེད་ཀྱི་ཡོད། “སློབ་ཚན་ཁྲིད་མ་ཐུབ་བར་ཁྲིད་ཀྱི་ཡིན། ང་རང་ཕྲུ་གུ་ཚོ་དང་མཉམ་དུ་སྡོད་པར་དགའ་པོ་ཡོད”ཅེས་དོན་གྲུབ་སྒྲོལ་མས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་26ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།