ཀན་སུའུ་ཝུའེ་ཡོན་རྫོང་ཧུའེ་ཁྲོན་གྲོང་རྡལ་ཧྲོང་ཧྲི་མོན་ལུང་ཤུར་དུ་ཆུ་ལོག་ཐོན་པ།
སྡེ་ཚན་གཉིས་ཀྱིས་ལས་དོན་ཚོགས་ཆུང་ཆུ་ལོག་ཐོན་ཡུལ་དུ་མངགས་པ།
འཕྲལ་སྡོམ་དང་མེ་གསོད་སོགས་ཀྱི་མི་སྣས་རོགས་སྐྱོབ་ལས་དོན་སྤེལ་བ།

འདི་ནི་ཟླ་7ཚེས་26ཉིན། ཀན་སུའུ་ཞིང་ཆེན་ཏིང་ཤིས་གྲོང་ཁྱེར་ཝུའེ་ཡོན་རྫོང་གི་ཆུ་ལོག་ཐོན་ཡུལ་དུ་ཀན་སུའུ་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་སོགས་ཀྱི་རོགས་སྐྱོབ་མི་སྣས་མང་ཚོཌ་ཁ་བཀྲམ་ནས་སྐྱོབ་བཞིན་པ།
གསར་འགོད་པར་ཀན་སུའུ་ཞིང་ཆེན་ཏིང་ཤིས་གྲོང་ཁྱེར་ཝུའེ་ཡོན་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་26ཉིན་གྱི་ཆུ་ཚོད་14ཙམ་ལ། ཝུའེ་ཡོན་རྫོང་ཧུའེ་ཁྲོན་གྲོང་རྡལ་ལུའོ་ཅཱ་མུའོ་གྲོང་ཚོའི་ཧྲོང་ཧྲི་མོན་ལུང་ཤུར་གྱི་སྟོད་རྒྱུད་དུ་དུས་ཐུང་དྲག་ཆར་བབས་ཏེ་ཆུ་ལོག་ཐོན་ནས་ཉེ་འགྲམ་དུ་གུར་བརྒྱབ་ནས་སྡོད་མཁན་གྱི་འཁོར་གཏོང་ཡུལ་སྐོར་བ་ཁག་གཅིག་དེ་གར་ལུས། ས་གནས་དེ་གའི་གྲོང་ཁྱེར་དང་རྫོང་གི་འཕྲལ་སྡོམ་དང་། མེ་གསོད། འཕྲོད་བསྟེན་དང་བདེ་ཐང་། རིག་གནས་དང་ཡུལ་སྐོར་སོགས་སྡེ་ཚན་དང་ཧུའེ་ཁྲོན་གྲོང་རྡལ་གྱི་རོགས་སྐྱོབ་སྟོབས་ཤུགས་ཚང་མ་ས་ཡུལ་དངོས་སུ་ཡོང་ནས་ནུས་ཤུགས་ཡོད་རྒུས་འཕྲལ་སྡོམ་རོགས་སྐྱོབ་དང་མི་སྣ་དབོར་བའི་ལས་དོན་སྤེལ་བ་རེད། ཚེས་26ཉིན་གྱི་ཆུ་ཚོད་21དང་སྐར་མ་15བར་མི་10རྐྱེན་ལམ་དུ་ཤོར་བ་དང་ཉེན་གྱར་བ་230ཁ་འགྲེམས་དང་སྐྱོབ་ཐབས་བྱས་པའི་ནང་རྨས་སྐྱོན་ཕོག་པའི་མི་23སྐྱོབ་བཅོས་བྱེད་པར་བསྐྱལ་ཡོད། མིག་སྔར་རེས་སྐོར་དང་པོ་ནས་གསུམ་པའི་ས་ཡུལ་དངོས་ཀྱི་འཚོལ་སྐྱོབ་ལས་དོན་སྤེལ་ཟིན་པ་དང་། རེས་སྐོར་བཞི་པའི་འཚོལ་སྐྱོབ་ལས་དོན་སྤེལ་སྒང་ཡིན་ཞིང་། རིམ་རྩིས་བརྒྱབ་ན་འབྲད་འཁོར་དང་སྔོག་འཕྲུལ་སོགས་འཕྲུལ་ཆས་164བཏང་བ་དང་། མེ་གསོད་དང་སྨན་བཅོས་ཆེད་ལས་རོགས་སྐྱོབ་མི་སྣ་1000ལྷག་ཙམ་སྒྲིག་འཛུགས་བྱས་པ། རོགས་སྐྱོབ་དངོས་ཟོག་ཁག་400ལྷག་ཙམ་སྤྲད་ཡོད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་26ཉིན་གྱི་ཕྱི་དྲོར། ཀན་སུའུ་ཞིང་ཆེན་ཏིང་ཤིས་གྲོང་ཁྱེར་ཝུའེ་ཡོན་རྫོང་དུ་དུས་ཐུང་དྲག་ཆར་བབས་ཏེ་ཆུ་ལོག་གི་ གནོད་འཚེ་ཐོན་ནས་མི་སྣ་ཤི་རྨས་བྱུང་ཡོད།
གནོད་འཚེ་ཐོན་རྗེས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་རྒྱུན་མཐུད་བཀོད་གཏོང་དང་མཛུབ་ཁྲིད་བྱས་པ་དང་། ལས་དོན་ཚོགས་ཆུང་ས་ཡུལ་དངོས་སུ་མཛུབ་ཁྲིད་དང་ཐག་གཅོད་བྱེད་པར་མངགས་ཡོད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཀན་སུའུ་ལ་དམིགས་ནས་འབྲུབ་འགོག་ཐད་རིམ་པ་བཞི་པའི་འཕྲལ་སྡོམ་བརྡ་ལན་ལག་ལེན་བསྟར་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་མི་305དང་རླངས་འཁོར་68ས་ཡུལ་དངོས་སུ་འབྱོར་ནས་རོགས་སྐྱོབ་བྱེད་བཞིན་ཡོད། མིག་སྔར། རོགས་སྐྱོབ་ཐག་གཅོད་ལས་དོན་སྔར་བཞིན་སྤེལ་སྒང་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།