མཐོ་ས་ནས་ཅ་དངོས་དབྱུགས་ཏེ་མི་ལ་མ་ཕོག་ནའང་ཁྲིམས་ལས་འགལ་ལམ།
ཅ་དངོས་གང་དག་དབྱུགས་ན་མཐོ་ས་ནས་ཅ་དངོས་དབྱུགས་པར་བརྩིའམ། མཐོ་ས་ནས་ཅ་དངོས་དབྱུགས་ཏེ་མི་ལ་མ་ཕོག་ནའང་ཁྲིམས་འགན་འཁུར་དགོས་སམ། ཧུའུ་པེ་དབྱི་ཁྲང་ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་མི་དམངས་ཁྲིམས་ཁང་གིས་མཐོ་ས་ནས་ཅ་དངོས་དབྱུགས་པ་ལས་ཐོན་པའི་རྩོད་གཞི་ཞིག་འདྲི་གཅོད་མཐའ་འདོམས་བྱས་པ་རེད།
2025ལོའི་ཟླ་11ཚེས་28ཉིན། ཁྲང་དབྱང་རྫོང་གི་ཁུལ་ཆུང་ཞིག་གི་སྟེང་ཐོག་ནས་གཏེར་ཆུ་ཕྱེད་ཀ་ཙམ་ཡོད་པའི་འགྱིག་དམ་ཞིག་ཉེ་འགྲམ་ཁུལ་ཆུང་དུ་སྡོད་མཁན་ཁྲེན་ཆེ་གེ་མོའི་སྒོ་རའི་ནང་གི་སོ་ལོའི་མྱུ་གུའི་སྟེང་དུ་ཟགས། ཁྲེན་ཆེ་གེ་མོས། ཁུལ་ཆུང་དེའི་སྟེང་ཐོག་ནས་ཅ་དངོས་དབྱུགས་པ་ཐེངས་དང་པོ་མ་རེད། དེ་སྔོན་ཁུལ་ཆུང་དེའི་ཁང་བདག་གིས་ཁང་པར་མཛེས་བཟོ་བྱེད་སྐབས་བདེ་འཇགས་སྲུང་དྲ་བཀབ་མེད་པས། ཨར་འདམ་ཧྲུག་ཧྲུག་དང་ཧ་ལྕགས་ལེབ་དུམ་ཟགས་ཏེ་ངའི་ཕའི་མགོ་བོར་ཕོག་པ་དང་། སྟབས་ལེགས་པ་ཞིག་ལ་པ་ཕས་རྨོག་ཞྭ་གྱོན་ཡོད་པས་རྨས་སྐྱོན་ཆེན་པོ་ཕོག་མི་སོང་ཞེས་བཤད།
ད་ཐེངས་སླར་ཡང་སྟེང་ཐོག་ནས་ཅ་དངོས་དབྱུགས་རྗེས། ཁྲེན་ཆེ་གེ་མོས་འཕྲལ་དུ་ཉེན་རྟོག་པར་སྙན་སེང་ཞུས། ཉེན་རྟོག་ཕྱོགས་ཀྱིས་ཁྲེན་ཆེ་གེ་མོའི་ཁྱིམ་དང་ཁུལ་ཆུང་གི་གློག་མིག་ལ་བལྟས་རྗེས་གློག་མིག་ནས་ཅ་དངོས་དབྱུགས་ས་མཐོང་མེད་པས་དབྱུགས་མཁན་སུ་ཡིན་པ་དེ་བས་རྙེད་ཐབས་བྲལ། དེར་བརྟེན། ཁྲེན་ཆེ་གེ་མོས་ཁུལ་ཆུང་དེའི་ཁང་བདག་ཨུ་ལྷན་ཁྲིམས་ཁང་ལ་གཏུགས་ནས་གྱོང་གུན་འཇལ་དགོས་པའི་རེ་བ་བཏོན།
ཁྲང་དབྱང་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས་ངོས་འཛིན་བྱས་དོན། ཁྲེན་ཆེ་གེ་མོའི་སྒོ་རའི་ནང་བཏབ་པའི་སོ་ལོའི་མྱུ་གུ་ནི་སྟེང་ཐོག་ནས་ཟགས་པའི་གཏེར་ཆུའི་འགྱིག་དམ་གྱིས་བཅག་པ་ཞིག་རེད། གྱོད་གཞི་དེར་ཅ་དངོས་དབྱུགས་མཁན་གཏན་འཁེལ་བྱེད་མ་ཐུབ་པས། ཁྲིམས་སའི་འདྲི་ཞིབ་ཀྱི་རྩད་ཆོད་དང་ས་ཡུལ་དངོས་ཀྱི་འདྲི་རྟོག་དང་ཟུང་འབྲེལ་བྱས་ཏེ་ཞུ་སྦྱོར་ཕྱི་མ་ཡིན་པའི་ཁུལ་ཆུང་ཁང་བདག་ཨུ་ཡོན་ལྷན་ཁང་གིས་བདེ་འཇགས་ཀྱི་འགན་སྲུང་བྱ་ཐབས་ལག་ལེན་བསྟར་བའི་ཐད་ནོར་འཁྲུལ་ངེས་ཅན་ཡོད་རྐྱེན་དེ་མཚུངས་ཀྱི་འགན་འཁྲི་འཁུར་དགོས།
ཁྲང་དབྱང་རྫོང་མི་དམངས་ཁྲིམས་ཁང་ཕྱོགས་བསྡུས་དིང་གི་དིང་ཀྲང་གཞོན་པ་དབན་ཧྲུའུ་རུང་གིས། སྟེང་ཐོག་ནས་ཅ་དངོས་དབྱུགས་ཏེ་གཞན་གྱི་མི་ལུས་བདེ་འཇགས་དང་སྤྱི་སྒེར་གང་རུང་གི་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་བཟོས་ན། དོན་དངོས་ཀྱི་གནོད་སྐྱོན་ཕོག་ཡོད་མེད་ལ་མ་བལྟོས་པར་ཚང་མ་ཁྲིམས་ལས་འགལ་བ་རེད་ཅེས་བཤད།
ད་ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་བསྟར་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ནང་། ཁང་པའམ་ཡང་ན་དེ་མིན་གྱི་མཐོ་ས་ནས་ཅ་དངོས་དབྱུགས་ཏེ་གཞན་གྱི་མི་ལུས་བདེ་འཇགས་དང་སྤྱི་དང་མི་སྒེར་གང་རུང་གི་རྒྱུ་ནོར་བདེ་འཇགས་སམ་ཡང་ན་སྤྱི་པའི་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་ན། ཉིན་ལྔ་མན་གྱི་བཀག་ཉར་རམ་ཡང་ན་དངུལ་ཆད་སྒོར་1000མན་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་སྦྲགས་དངུལ་ཆད་སྒོར་1000མན་གཏོང་ཆོག་པའི་གཏན་འབེབས་བྱས་ཡོད།
“དེ་ཐོག་ནས་མེ་སྟག་བསད་མེད་པའི་ཐ་མ་ཕྲུག་ལྷག་ཅིག་དང་ཆུ་བཏུངས་ཚར་མེད་པའི་གཏེར་ཆུའི་འགྱིག་དམ་གང་ཞིག་ཡིན་རུང་། གང་ལྟར་མཐོ་ས་ནས་ཅ་དངོས་དབྱུགས་པའི་བྱེད་སྤྱོད་ཀྱིས་གནོད་སྐྱོན་ནམ་ཉེན་ཁ་བཟོ་སྲིད་པས་འབྲེལ་ཡོད་ཀྱི་ཆད་པ་ཕོག་རྒྱུ་དང་། གལ་ཏེ་མཐོ་ས་ནས་ཅ་དངོས་དབྱུགས་པའི་གནས་ཚུལ་ཚབས་ཆེན་པོ་ཡོད་ན་ད་དུང་ཉེས་དོན་འགན་འཁྲིའང་འཁུར་དགོས་ཀྱི་ཡོད། གྲོང་མིས་མཐོ་ས་ནས་ཅ་དངོས་དབྱུགས་མི་རུང་བ་མ་ཟད། ད་དུང་དུས་བཀག་ནང་སྒེའུ་ཁུང་ལ་ཞིབ་བཤེར་བྱས་ནས་སྒེའུ་ཁུང་དང་། དྲོད་སྙོམས་སྒྲོམ་བཀྱག ཕྱིའི་གྱང་ངོས་སོགས་བརྟན་དུ་གཏོང་དགོས་པ་དང་ཉི་གཡབ་ཀྱི་མེ་ཏོག་རྫ་ཁོག་སོགས་ཟགས་སླ་བའི་ཅ་དངོས་བསྡུ་དགོས”ཞེས་དབན་ཧྲུའུ་རུང་གིས་བཤད།
འབྲེལ་ཡོད་གསར་འགྱུར།