དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་ལུགས་གསོ་རིག་ལས་ཨ་ཧྥེ་རི་ཁའི་མི་དམངས་དེ་བས་མང་བར་ཕན་ཐོགས་པ་བྱེད་རྩིས་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཀྲེང་ཤང་།   |     སྤེལ་དུས།  2026-07-29

    ཀྲུང་གོ་དང་ཙམ་པབ་ཝེའི་ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱིས་ཧ་ར་རེ་གྲོང་ཁྱེར་གྱི་ཆིའུ་ཇིར་སྐྱེས་པའི་སློབ་འབྲིང་དུ་སྲོལ་རྒྱུན་གྱི་ལུས་སྦྱོང་ཕྱག་རྒྱ་ལེའུ་བརྒྱད་མ་ཁྲིད་བཞིན་པ།

    ཙམ་པབ་ཝེའི་རྒྱལ་ས་ཧ་ར་རེ་གྲོང་ཁྱེར་གྱི་ལྟེ་བར་ཡོད་པའི་ཕཱ་ལི་ལེ་ཉི་ཡཱ་ཐུའུ་ཝ་སྨན་ཁང་དུ། ཀྲུང་གོ་དང་ཙམ་པབ་ཝེའི་ཀྲུང་ལུགས་གསོ་རིག་ལྟེ་གནས(གཤམ་དུ“ཀྲུང་ལུགས་གསོ་རིག་ལྟེ་གནས”ཞེས་བསྡུ་རྒྱུ)ཀྱི་སྒོ་བྱང་མངོན་གསལ་ཧ་ཅང་དོད་པོ་ཡོད། དེ་ནི་སཱ་ཧཱ་ལཱ་བྱེ་ཐང་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁའི་ཀྲུང་ལུགས་གསོ་རིག་ལྟེ་གནས་ཆེ་ཤོས་དེ་རེད། དེ་གར་ཀྲུང་ལུགས་གསོ་རིག་གི་བརྟག་བཅོས་དང་། གསོ་སྦྱོང་སློབ་ཁྲིད། ཀྲུང་ལུགས་གསོ་རིག་ཁྱབ་སྤེལ་སོགས་གཞི་གཅིག་ཏུ་བསྡུས་ཡོད། 2020ལོར་བཙུགས་ཚུན་དུ། ནད་པ་མི་ཐེངས་ཁྲི་ཁ་ཤས་ལ་སྨན་བཅོས་བྱས་ནས་ས་གནས་དེ་གའི་དམངས་ཚོགས་ཀྱི་སྨན་བཅོས་བདེ་ཐང་ལ་གཞོགས་འདེགས་བྱས་ཏེ། ཀྲུང་ཧྥེའི་གསོ་རིག་སྤེལ་རེས་དང་དམངས་སེམས་སྦྲེལ་མཐུད་ཀྱི་ཟམ་པ་ལྟ་བུར་གྱུར་ཡོད།

    ས་གནས་དེ་གའི་དམངས་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པ།

    ནད་པ་མི་ཉུང་བ་ཞིག་ཞོགས་པ་སྔ་པོ་ནས་ཀྲུང་ལུགས་གསོ་རིག་ལྟེ་གནས་སུ་སླེབས་ཡོད། “ང་ཚོའི་གསར་དུ་བཙུགས་པའི་གཅོང་ནད་དོ་དམ་སྒོ་བསྟེན་སྨན་ཁང་ལ་ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད” “གཟའ་འཁོར་གཉིས་ཀྱི་ཨང་ཀི་ཚང་མ་བཀག་ཚར་འདུག ང་ཚོས་སྨན་པ་མང་དུ་བཏང་ནས་ནད་པའི་དགོས་མཁོ་སྐོང་རྩིས་ཡོད”ཅེས་ཀྲུང་ལུགས་གསོ་རིག་ལྟེ་གནས་དབང་རྩའི་ཚན་ཁག་གི་གཙོ་བཅོས་སྨན་པ་གཞོན་པ་ཀའོ་ཅུས་ཧྭ་ཡིས་བཤད།

    ལོ་59ལ་སླེབས་པའི་ཁཱ་མུའུ་སུའོ་ཁོའོ་ལ་གྲུམ་བུའི་ནད་ཕོག་ནས་ལོ་8སོང་ཞིང་། ཁོང་གིས། རང་སའི་སྨན་ཁང་གིས་སྤྲད་པའི་སྨན་གྱིས་གནས་སྐབས་ན་ཟུག་གཅོག་པའམ་ན་ཟུག་ཆུང་དུ་གཏོང་བ་ཙམ་ལས་ཕན་ཆེན་པོ་ཐོགས་ཀྱི་མི་འདུག ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱི་སྨན་པས་ང་ལ་དུས་བཀག་ལྟར་གསེར་ཁབ་དང་མེ་བཙའ་བརྒྱབ་པས་ནད་གཞི་མངོན་གསལ་དོད་པོས་ཡང་དུ་ཕྱིན་སོང་ཞེས་བཤད།

    ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱིས་ད་དུང་གཟའ་གྲིབ་གསོ་བཅོས་དང་། ཀྲུང་ལུགས་གསོ་རིག་གི་རུས་ནད་ཆེད་ཚན། ཀླད་སྐྱོན་ཆེད་ཚན་སོགས་ཁྱད་ལྡན་སྒོ་བསྟེན་སྨན་ཁང་ཡང་བཙུགས་ཡོད། ཀླད་སྐྱོན་ཆེད་ཚན་སྒོ་བསྟེན་སྨན་ཁང་དེ་2024ལོར་དངོས་སུ་སྒོ་ཕྱེས་ནས་སྨན་བཅོས་བྱེད་འགོ་ཚུགས་ཤིང་། མིག་སྔར་ཨ་ཧྥེ་རི་ཁ་ས་ཁུལ་གྱི་ཀླད་སྐྱོན་ནད་བརྒྱུད་རིམ་ལྡན་པར་བརྟག་བཅོས་བྱེད་ནུས་པའི་ཀྲུང་ལུགས་གསོ་རིག་གི་སྒོ་བསྟེན་སྨན་ཁང་ཉུང་ཤས་ཁྲོད་ཀྱི་གཅིག་ཏུ་གྱུར་ཡོད། ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱིས་ཆེད་དོན་བརྟག་བཅོས་ཚོགས་པ་ཞིག་བཙུགས་པའི་ཁོངས་མིའི་ནང་ཀྲུང་ལུགས་གསོ་རིག་དང་། དབང་རྩའི་ཚན་ཁག བྱིས་ནད་ཚན་ཁག ཁབ་བཙའི་ཚན་ཁག་སོགས་རིག་ཚན་མང་པོའི་སྨན་པ་ཡོད། ཀླད་སྐྱོན་ཆེད་ཚན་སྒོ་བསྟེན་སྨན་ཁང་གི་འགན་འཁུར་བ་ཧུའུ་ཧྲ་ཡིས“མིག་སྔའི་བར། སྒོ་བསྟེན་སྨན་ཁང་གིས་ཀླད་སྐྱོན་ཕོག་པའི་བྱིས་པ་བརྒྱ་ལྷག་ཙམ་ལ་སྨན་བཅོས་བྱས་ཡོད། སྨན་བཅོས་བྱས་པ་བརྒྱུད་བྱིས་པ་མི་ཉུང་བ་ཞིག་གི་འགུལ་སྐྱོད་དང་སྐད་ཆ་ཤོད་པ་སོགས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད”ཅེས་བཤད།

    གྲངས་གཞི་ལས་མངོན་པ་ལྟར་ན། 2020ལོར་ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱིས་སྨན་བཅོས་བྱེད་འགོ་ཚུགས་སྐབས། ལོ་ཧྲིལ་པོར་སྒོ་བསྟེན(འཕྲལ་བཅོས)སྨན་ཁང་གིས་མི་ཐེངས་900ཙམ་ལ་སྨན་བཅོས་བྱས་པ་དང་། མིག་སྔའི་བར་ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱིས་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་2.5ལྷག་ཙམ་ལ་སྨན་བཅོས་ཞབས་འདེགས་ཞུས་ཡོད་པ་རེད། “གྲངས་གཞི་འདི་དག་ནི་ནད་པའི་ཡིད་ཆེས་ཁོ་ན་ཙམ་མ་ཡིན་པར། ཀྲུང་ལུགས་གསོ་རིག་ས་གནས་དེ་གའི་སྡེ་ཁུལ་དུ་ཁྱབ་གདལ་ཕྱིན་ནས་དམངས་འཚོར་ཕན་ཐོགས་པའི་དཔང་རྟགས་ཡག་ཤོས་ཤིག་ཀྱང་རེད”ཅེས་ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱི་ཀྲུའུ་རེན་ཤའོ་ཀྲི་ཆང་གིས་བཤད།

    ཀྲུང་ཙམ་གཉིས་ཀྱི་གསོ་རིག་སྤེལ་རེས་ལ་སྐུལ་མ་ཐེབས་པ།

    ཕཱ་ལི་ལེ་ཉི་ཡཱ་ཐུའུ་ཝ་སྨན་ཁང་ནི་ཧ་ར་རེ་གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་ཆེ་ཤོས་ཤིག་རེད། ཤའོ་ཀྲི་ཆང་གིས། གཟའ་གྲིབ་གསོ་བཅོས་བྱེད་པའི་ཐད་ཀྲུང་ལུགས་གསོ་རིག་ལྟེ་གནས་དང་སྨན་ཁང་དེས་ལྷན་འཛོམས་ནད་དཔྱད་དང་སྨན་ཁང་བསྒྱུར་ནས་སྨན་བཅོས་བྱེད་པའི་ལམ་སྲོལ་བཙུགས་ནས“ཕྱི་ལུགས་གསོ་རིག་གིས་ནད་གཞི་བརྟག་པ་དང་། ཀྲུང་ལུགས་གསོ་རིག་གིས་སྨན་བཅོས་བྱེད་པ། འདུ་སྙོམས་ཁམས་གསོ”བཅས་གཞི་གཅིག་ཅན་གྱི་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་མཉམ་བཅོས་བྱེད་སྟངས་ཤིག་གྲུབ་ཡོད། ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱིས་ད་དུང་ཙམ་པབ་ཝེའི་སྲོལ་རྒྱུན་གསོ་རིག་ལས་རིགས་དང་མཉམ་ལས་ལམ་སྲོལ་བཙུགས་ཡོད། “ང་ཚོས་ཙམ་པབ་ཝེའི་སྲོལ་རྒྱུན་གསོ་རིག་གི་ཁྱད་ཆོས་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་གྱི་ཡོད། སྨན་བཅོས་བྱེད་རིང་ས་གནས་དེ་གའི་སྔོ་སྨན་བསྣན་ནས་ས་གནས་དེ་གའི་དམངས་ཚོགས་ཀྱི་སྨན་སྤྱོད་གོམས་གཤིས་དང་འཚམ་པར་བྱེད་ཀྱི་ཡོད། ནད་པ་དང་སྤེལ་རེས་བྱས་པ་ལས་ས་གནས་དེ་གའི་སྲོལ་རྒྱུན་གྱི་སྔོ་སྨན་དང་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་འདུ་ཤེས་ཅུང་འདྲ་པོ་ཡོད་པ་ཤེས་རྟོགས་བྱུང་། འབྱུང་འགྱུར་ང་ཚོས་ས་གནས་དེ་གའི་སྔོ་སྨན་ཤེས་བྱ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་ས་གནས་དེ་གའི་སྲོལ་རྒྱུན་སྨན་པའི་མཐུན་ཚོགས་དང་མཉམ་འབྲེལ་སྨན་བཅོས་བྱ་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས་པ་རེད།

    ཙམ་པབ་ཝེར་ཀྲུང་ལུགས་གསོ་རིག་སྨན་བཅོས་ཁྱབ་གདལ་ཕྱིན་པ་དང་བསྟུན་ནས་ས་གནས་དེ་གའི་དམངས་ཚོགས་དེ་བས་མང་པོ་ཞིག་གིས་ཀྲུང་ལུགས་གསོ་རིག་ཤེས་རྟོགས་དང་དང་ལེན་བྱེད་འགོ་ཚུགས་ཡོད། ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱིས་ཙམ་པབ་ཝེ་འཕྲོད་བསྟེན་དང་བྱིས་པའི་ཕན་བདེ་པུའུ་དང་མཉམ་ལས་ཧུར་ཐག་སྒོས“རིགས་པའི་གཞུང་ལུགས་དང་། ལག་ལེན་དངོས། ནད་ཐོག་སྨན་བཅོས”བཅས་ཀྱི་གསོ་སྦྱོང་མ་ལག་མཉམ་དུ་བཙུགས་པ་དེའི་ནང་ཀྲུང་ལུགས་གསོ་རིག་གི་གཞི་རྩའི་གཞུང་ལུགས་དང་། གསེར་ཁབ། འཕུར་མཉེད་སོགས་ཉེར་སྤྱོད་ལག་རྩལ་ཚུད་ཡོད། སློབ་ཚན་ཁྲིད་པ་དང་ནད་ཐོག་སློབ་ཁྲིད་ཟུང་འབྲེལ་བྱས་པ་བརྒྱུད་ས་གནས་དེ་གའི་ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཀྱི་ཡོད་པ་རེད།

    ཀྲུང་ལུགས་གསོ་རིག་ལ་དགའ་པོ་བྱེད་མཁན་མང་དུ་ཕྱིན་པ།

    2025ལོའི་ཟླ་བརྒྱད་པར། ཙམ་པབ་ཝེའི་ཞིང་ལས་འགྲེམས་ཚོགས་སྐབས་བརྒྱ་དང་བཅོ་ལྔ་པ་ཧ་ར་རེ་གྲོང་ཁྱེར་དུ་གཉེར་བ་དང་། དེ་ནི་རྒྱལ་ཁབ་དེའི་ལོ་རྒྱུས་རིང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་འགྲེམས་ཚོགས་ཤིག་རེད། ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱིས་འགྲེམས་ཚོགས་ཐོག་གདན་ཞུ་ལྟར་འགྲེམས་སྟེགས་བཙུགས་ནས་ཡིག་རིས་འགྲེམས་པང་དང་། སྨན་རྒྱུ་དང་ཆ་དཔྱད་བཤམས་སྟོན། མཉམ་འགུལ་ཉམས་ལེན་སོགས་རྣམ་པ་སྣ་ཚོགས་བརྒྱུད་དམངས་ཚོགས་ལ་ཀྲུང་ལུགས་གསོ་རིག་གི་ལོ་རྒྱུས་དང་རིག་གནས་འདུ་ཤེས་ངོ་སྤྲོད་བྱས་པ་རེད། ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་ཉམས་ལེན་ཁུལ་དུ་འཕུར་མཉེད་དང་། གསེར་ཁབ། མེ་བུམ། སྔོ་སྨན་བཏུང་བྱ་སོགས་ཉམས་ལེན་བྱེད་སྒོས་ལྟད་མོ་བ་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོག་ཡོད། “འགྲེམས་ཚོགས་རིང་འགྲེམས་ཞུགས་ཚོང་པ་མི་ཉུང་བ་ཞིག་གིས་ང་ཚོར་མཉམ་ལས་ཀྱི་འདོད་འདུན་མཚོན་པར་བྱས་བྱུང་། ས་གནས་དེ་གའི་སྨྱན་སྦྱོར་གྱིས་ང་ཚོའི་འགྲེམས་ཞུགས་གནས་ཚུལ་གཏོང་སྤེལ་བྱས་ནས་ཀྲུང་ལུགས་གསོ་རིག་ཁྱབ་སྤེལ་ལ་སྔར་བས་སྐུལ་འདེད་བཏང་བྱུང”ཞེས་ཤའོ་ཀྲི་ཆང་གིས་བཤད།

    ཉེ་བའི་ལོ་གཉིས་རིང་། ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱི་འོས་འགན་སྨན་བཅོས་ཚོགས་པ་ཙམ་པབ་ཝེའི་ཞིང་ཆེན་10ཚང་མར་བསྐྱོད་ཅིང་། རིམ་རྩིས་བརྒྱབ་ན་འོས་འགན་སྨན་བཅོས་བྱེད་སྒོ་ཆེ་གྲས་ཐེངས་31སྤེལ་ཡོད། “ང་ཚོའི་ངོས་ནས་བརྗོད་ན། འོས་འགན་སྨན་བཅོས་ནི་ནད་གཞི་བརྟགས་ནས་སྨན་སྟེར་བ་ཙམ་མ་ཡིན་པར‘ཀྲུང་ལུགས་གསོ་རིག་གི་སྐོར་སྐྱོད་སློབ་ཁང’ལྟ་བུ་ཞིག་དེ་བས་ཀྱང་ཡིན” “དམངས་ཚོགས་མང་པོ་ཞིག་གིས་འོས་འགན་སྨན་བཅོས་བརྒྱུད་ཀྲུང་ལུགས་གསོ་རིག་ལ་ཤེས་རྟོགས་ཐེངས་དང་པོར་བྱུང་བ་ཡིན་པས། ཁོང་ཚོས་ཀྲུང་ལུགས་གསོ་རིག་གི་འདུ་ཤེས་དང་ཁྱད་ཆོས་ཤེས་རྟོགས་ཐུབ་རྗེས་རང་འགུལ་ངང་ཀྲུང་ལུགས་གསོ་རིག་ལྟེ་གནས་སུ་སྨན་བཅོས་དེ་བས་གཏིང་ཟབ་དང་ཀྲུང་ལུགས་གསོ་རིག་སློབ་སྦྱོང་བྱེད་པར་ཡོང་གི་འདུག”ཅེས་ཤའོ་ཀྲི་ཆང་གིས་བཤད།

    “འོས་འགན་སྨན་བཅོས་ནང་ཞུགས་མཁན་དམངས་ཚོགས་མི་ཉུང་བ་ཞིག་གིས། ས་གནས་དེ་གར་ཀྲུང་ལུགས་གསོ་རིག་གི་ཞབས་ཞུའི་ས་ཚིགས་དེ་བས་མང་བ་འཛུགས་རྒྱུའི་རེ་བ་བྱེད་ཀྱི་འདུག”ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱིས་འབྱུང་འགྱུར་ཡན་ལག་ལྟེ་གནས་བཙུགས་ནས་ཞབས་འདེགས་ཞུ་ཁྱོན་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་སྟེ“ཀྲུང་ལུགས་གསོ་རིག་ལས་ཨ་ཧྥེ་རི་ཁའི་མི་དམངས་དེ་བས་མང་བར་ཕན་ཐོགས་པ་བྱེད་རྩིས་ཡོད”ཅེས་ཤའོ་ཀྲི་ཆང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།