དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁན་སྦྱར་དམར་པོས་ཐོག་མའི་བསམ་འདུན་མཚོན། བརྩེ་སེམས་ཟབ་མོས་དམངས་སེམས་དྲོ་བར་བྱས།

    —— ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གཟི་ཕུག་གྲོང་ཚོས་དམངས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-29

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གཟི་ཕུག་གྲོང་ཚོར་ཞོགས་པའི་ཉི་འོད་འཕྲོ་སྐབས་དབེན་འཇམ་གྱི་ས་གཞིར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར།

    ལུས་ལ་མིང་ངོ་མ་བཀོད་པའི་ཁན་སྦྱར་དམར་པོ་གྱོན་པ་དང་བྲང་ཁར་ཏང་རྟགས་བཏགས་པའི་ཏང་ཡོན་དང་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་གྲོང་ཚོ་དང་ཚོགས་ཆུང་གི་འགྲོ་ལམ་དང་། ཞིང་དུད་ཀྱི་སྒོ་ར། ཞིང་ནང་དང་འབྲོག་ར་བཅས་སུ་བསྐྱོད་དེ་སྐོར་སྐྱོད་ཀྱི“དང་བླངས་དམར་པོ”དེ་དག་གྲོང་གསེབ་ཀྱི་དྲོ་སྐྱིད་ཀྱི་རྣམ་པ་དང་བཀྲག་མདངས་འཚེར་སར་གྱུར་ཡོད།

    འཐབ་ཕྱོགས་དང་པོར་གཞི་ཚུགས་པའི་ཁན་སྦྱར་དམར་པོའི་གདོང་ལེན་རུ་ཁག་དེས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱེད་པ་དང་དམངས་འཚོ་སྟོན་ཕྱོགས་སུ་བྱས་ཏེ་ཞིབ་ཚགས་པའི་གཞི་རིམ་བཅོས་སྐྱོང་ལས་དོན་སྒྲུབ་པ་དང་། ཞིང་རོགས་འབབ་འཕར་དང་། བདེ་འཇགས་སྲུང་སྐྱོང་། རྣམ་གྲངས་ཀྱི་སྤུས་ཚད་མཐོར་གཏོང་། ཁོར་ཡུག་མཛེས་བཟོ། དཀའ་ངལ་སེལ་བ་བཅས་ཀྱི་ཁྲོད་དངོས་སྒྲུབ་ཀྱི་འགན་འཁྲི་ཁུར་ནས་དམངས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཐོག་བཅོས་སྐྱོང་ལ་ཤུགས་ཚད་ལྡན་པ་དང་། ཞབས་ཞུ་སེམས་རྩ་འཁོལ་བ། གྲོང་གསེབ་ལ་རྣམ་པ་གསར་པ་ལྡན་པ་བཅས་བྱས་ཡོད།

    མིག་སྔར་འབྲི་མོའི་དཀར་ཆུ་བཟང་ཤོས་ཀྱི་དུས་ཚིགས་ཡིན་ལ་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་འགག་རྩའི་ལྷུ་ཚིགས་ཤིག་ཀྱང་རེད། གཟི་ཕུག་གྲོང་ཚོར་འབྲི་གཡག་མགོ་གྲངས་ཁྲི་1.3ལྷག་ཙམ་ཡོད་པར་སྤུས་དག་འོ་མ་རྒྱ་མ་རེར་རིན་གོང་སྒོར་9ཟིན་ནས་འབྲོག་ལས་དེ་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཤིག་ཏུ་གྱུར་ཡོད།

    འབྲོག་པའི་བྲིན་འཚོང་གི་སེམས་ཁྲལ་སེལ་བ་དང་ཐོན་ལས་འབབ་འཕར་གྱི་གསོན་ཤུགས་འཕེལ་བར་བྱ་ཆེད། ཉིན་ཤས་བསྟུད་མར། གཟི་ཕུག་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཝུའུ་དབྱི་ཅུན་གྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་གྲོང་སྡོད་རུ་མི་ཡོངས་ཀྱི་སྣེ་ཁྲིད་དེ་ལུས་ལ་ཁན་སྦྱར་དམར་པོ་གྱོན་ནས་གྲོང་ཚོ་དང་ཚོགས་ཆུང་ཁག་དང་གསོ་ཚགས་དུད་ཆེན་དུ་བསྐྱོད་དེ་བཅར་འདྲི་བྱས་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་འབྲོག་པའི་རེ་ཞུ་ཉན་པ་དང་གནས་ཀྱིས་གནས་ལ་ཕྱིར་ཚོང་སྲིད་ཇུས་འགྲེལ་བཤད་བརྒྱབ་ཐོག་འབྲོག་པ་སྐུལ་སློང་ཧུར་ཐག་བྱས་ཏེ་འོ་མ་སོས་པ་དེ་དག་གྲོང་ཚོའི་མཉམ་སྡེབ་ཀྱི་འོ་མ་བསྡུ་སར་བསྐྱལ་ཡོད། གྲོང་ཚོས་གཅིག་གྱུར་ཐོག་ཁྲོམ་ར་དང་འབྲེལ་མཐུད་བྱེད་པ་དང་གཅིག་བསྡུས་ཐོག་ཕྱིར་འཚོང་བྱེད་སྟངས་བརྒྱུད། ཁ་ཐོར་དུད་ཚང་གི་ཕྱིར་ཚོང་ཐབས་ལམ་ཉུང་བ་དང་། རིན་གོང་སྒྲིག་ནུས་ཞན་པ། ཕྱིར་ཚོང་སྟབས་མི་བདེ་བ་སོགས་ཀྱི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་ཏེ་འབྲོག་པའི“འོ་ཟོ”ནུས་ཤུགས་ཡོད་རྒུས་ཁེངས་ཐབས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་སློང་ཐུབ་ཡོད།

    ལས་བྱེད་པ་དང་མང་ཚོགས་དབར་འབྲེལ་གཏུག་ཡག་པོ་མ་བྱུང་བ་དང་། གཞི་རིམ་གྱི་ཞབས་ཞུ་གནད་སྨིན་མ་བྱུང་བ། མང་ཚོགས་ཀྱི་རེ་ཞུ་དང་ལེན་བྱེད་འགོར་བ་སོགས་ཀྱི་བཅོས་སྐྱོང་གི་དཀའ་གནད་སེལ་ཆེད། གཟི་ཕུག་གྲོང་ཚོས་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས་ཏང་ཡོན་དང་ལས་བྱེད་པར་གཅིག་གྱུར་ཐོག་ཁན་སྦྱར་དམར་པོ་བཟོས་པ་དང་ཏང་ཡོན་གྱི་ཐོབ་ཐང་གསལ་སྟོན་བྱས་ཏེ་རང་འགུལ་ངང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་པ་རེད།

    ཁན་སྦྱར་དམར་པོ་ནི་ཐོབ་ཐང་གི་མཚོན་རྟགས་ཤིག་ཡིན་ལ་དེ་བས་འགན་འཁྲི་ཁས་ལེན་བྱས་པ་ཞིག་ཡིན་པས། ལས་བྱེད་པ་དང་མང་ཚོགས་དབར་གྱི་འགལ་ཟླ་བསལ་བའི་ཁར་ཏང་ཡོན་དང་ལས་བྱེད་པས་དམངས་ཆེད་ཐོག་མའི་བསམ་འདུན་བརྟན་སྲུང་དང་རང་འགུལ་ངང་འགན་འཁྲི་གཙང་སྒྲུབ་བྱ་རྒྱུར་ལྕག་སྐུལ་བྱས་པ་དང་། དེ་སྔའི་མང་ཚོགས་ལ“གནད་དོན་འཕྲད་སྐབས་འཚོལ་ས་མེད་པ་དང་རེ་འདོད་ཞུ་ས་མེད་པའི”གཞན་དབང་གི་གནས་སྟངས་ལའང་འགྱུར་ལྡོག་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཟི་ཕུག་གྲོང་ཚོའི་ཁན་སྦྱར་དམར་པོའི་གདོང་ལེན་རུ་ཁག་ནི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་དོན་ཆེད་བསྐོས་པ་སོགས་གཞི་རིམ་གྱི་སྟོབས་ཤུགས་ལས་གྲུབ་པ་ཞིག་ཡིན་པ་དང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། གྲོང་ཚོ་དང་ཚོགས་ཆུང་གིས་མཉམ་འགུལ། མི་སྣ་ཡོངས་ཞུགས་པ་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་བཏོད་ཡོད། རུ་མི་ཚོས་ལས་ཐོག་འདྲི་སྒུག་སོགས་གཞན་དབང་གི་བྱེད་སྟངས་དོར་ནས་འཐབ་ཕྱོགས་དང་པོར་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ཅིང་། དམངས་ཀྱི་གནས་ཚུལ་ཐོ་འགོད་དེབ་དང་སྲིད་ཇུས་དྲིལ་བསྒྲགས་ལག་དེབ་ཁྱེར་ནས་སྲིད་ཇུས་སྒྲོག་འགྲེལ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། དམངས་ཀྱི་གནས་ཚུལ་འདྲི་རྩད། དམངས་ཕན་ཞབས་ཞུ་བཅས་རྒྱུན་གཏན་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ཡོད། ཁོང་ཚོས་གཙོ་གནད་ཐོག་ཁེར་སྡོད་རྒན་རྒོན་ལ་ལྟ་རྟོག་དང་། འབྲོག་ལས་ཐོན་རྫས་ཚོང་ལམ། ཁྱིམ་མཚེས་དབར་གྱི་རྩོད་གཞི། རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་པ་སོགས་ཀྱི་དམངས་འཚོའི་དཀའ་གནད་མཐིལ་རྟོགས་གྲལ་བཤེར་བྱས་པ་དང་། གནད་དོན་གྱི་རྩིས་ཐོ་བཟོས་ནས་རེ་རེ་བཞིན་གསེད་བཀྲོལ་དང་། དུས་བཀག་ལྟར་གཉེར་བ། ཐོ་བསུབ་དོ་དམ་བཅས་བྱས་ཏེ། གོམ་པའི་འདེགས་འཇོག་ལ་བརྟེན་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དངོས་སྒྲུབ་འབད་བརྩོན་བརྒྱུད་མང་ཚོགས་ཀྱི་རེ་སྒུག་ལ་ཨ་ལན་བསློགས་ཡོད།

    བདེ་འཇགས་སྲུང་སྐྱོང་དང་དམངས་འཚོ་འགན་ལེན་བྱེད་པ་དང་དུས་མཚུངས་སུ། ཁན་སྦྱར་དམར་པོའི་རུ་མི་ཚོས་རང་འགུལ་ངང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་གཙོ་ཤུགས་དམག་བྱས་ནས་མཛེས་མཐུན་གྲོང་གསེབ་ཀྱི་སྐྱེ་ཁམས་རང་མདངས་མུ་མཐུད་གསལ་བར་བྱས་ཡོད། ད་ཆའི་གཟི་ཕུག་གྲོང་ཚོའི་བཀོད་པ་གཙང་ཞིང་གྲལ་འགྲིག་པ་དང་། ཁོར་ཡུག་མཛེས་པ། གོ་རིམ་ལྡན་པ་བཅས་མ་ཟད། གྲོང་མིའི་སྡོད་གནས་ཀྱི་སྐྱིད་སྣང་དང་གྲོང་གསེབ་ཀྱི་གཏོགས་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་བ་དངོས་རེ་རེ་དང་གྲོང་གསེབ་ཀྱི་རྣམ་པ་གསར་པ་རེ་རེས་གྲོང་གསེབ་དར་རྒྱས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་མཐུན་རྐྱེན་སྦྱར་བ་དང་། ཏང་རྟགས་ལས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་མུ་མཐུད་གཟི་འོད་འཚེར་བ་དང་། དུད་ཁྱིམ་ཁྲི་སྟོང་མང་པོར་གསར་བརྗེའི་ཞབས་ཞུས་དྲོ་སྐྱིད་ཚོར་བར་ཡང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།