དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འགན་འཁྲི་བརྟན་པོར་ངེས་ནས་ཐོག་མའི་བསམ་འདུན་སྒྲུབ། འགན་སྒྲུབ་ལེགས་སྐྱེས་ཕུལ་ནས་དམངས་སེམས་དྲོ་བར་བྱེད།

    —— གཞིས་རྩེ་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་ཚེ་རིང་དབང་མོའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-29

    གཞིས་རྩེའི་རྫོང་རི་གནའ་གྲོང་གི་འདབས་སུ་ཆགས་པའི་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་སྲང་ལམ་ཀུན་སྐྱིད་ཉམས་དོད་པོ་ཡོད། མི་རིགས་ཁག་གི་ཁྱིམ་མཚེས་ཞི་མཐུན་མཉམ་གནས་དང་ཕན་ཚུན་རོགས་རམ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་སྐལ་བཟང་མེ་ཏོག་ཁྲོམ་གཞུང་ཀུན་ཏུ་བཞད། ཞི་མཐུན་བརྩེ་ལྡན་གྱི་ས་གཞི་དེ་གཞི་རིམ་སྲུང་སྐྱོང་བས་ཁུ་སིམ་མེར་འབད་འཐབ་ཧུར་ཐག་བྱས་པ་དང་ཁ་འབྲལ་ཐབས་མེད།

    གཞིས་རྩེ་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་དང་གཙང་ཁུལ་ཚོང་དོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཚེ་རིང་དབང་མོ་ཚོང་པ་ཆུང་ཆུང་ཞིག་ནས་ཁྱིམ་མཚེས་ཚོར་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་མཁན་ཁེ་ལས་ཤིག་གི་འགན་འཁུར་བ་དང་། དམངས་ཆེད་འགན་འཁྲི་སྒྲུབ་པའི་སྲིད་གྲོས་ཨུ་ཡོན་ཞིག་གི་བར། ཁོང་གིས་ལོ་མང་རིང་དངོས་སྒྲུབ་ལ་བརྟེན་ནས་བྱ་གཞག་གཏོད་པ་དང་། བརྩེ་སེམས་ལ་བརྟེན་ནས་དམངས་སེམས་གཅིག་ཏུ་སྒྲིལ་བ། འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ལས་འགན་སྒྲུབ་པ་བཅས་བྱས་ཏེ། གནའ་གྲོང་གི་འདབས་རོལ་དུ་བུད་མེད་དཀྱུས་མ་ཞིག་གི་ངོས་ནས་མི་སེམས་འགུལ་བའི་འབད་འཐབ་ཀྱི་རྒྱུགས་ལན་འབུལ་བཞིན་ཡོད།

    ཚེ་རིང་དབང་མོའི་ལས་གཏོད་ཀྱི་ལམ་བུ་ནི་མི་རིགས་ལག་ཤེས་བཟོ་རྩལ་ལ་དགའ་ཞེན་བྱེད་པ་ནས་འགོ་ཚུགས་ཤིང་། འབད་འཐབ་དང་བརྟན་སྲུང་ལ་བརྟེན་ནས་ལམ་ལྷོངས་བྱུང་བ་ཞིག་རེད། ཁོང་ནི་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཡ་མོ་ཤང་སྒྲོན་ཐང་གྲོང་ཚོའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་མི་གཞན་གྱིས་བོད་ཀྱི་སྲོལ་རྒྱུན་རྒྱན་ཆ་སྤུས་ལེགས་བཏགས་པ་མཐོང་སྐབས“རང་ཉིད་ཀྱིས་རྒྱན་ཆ་སྤུས་ལེགས་འདི་འདྲ་ག་དུས་འདོགས་ཐུབ་བམ”སྙམ་གྱི་ཡོད། རེ་སྒུག་འདི་ལས་ཚེ་རིང་དབང་མོའི་སེམས་སུ་བྱ་གཞག་བཏོད་དེ་ཕུགས་འདུན་དོན་གཉེར་བྱེད་པའི་མྱུ་གུ་འབུས། ལོ་18ལ་སླེབས་སྐབས། ལས་གཏོད་ཀྱི་ཕུགས་འདུན་བཅངས་པའི་ཁོང་བློ་ཐག་ཆོད་པོས་གཞིས་རྩེར་བསྐྱོད།

    ཐོག་མར་ལས་གཏོད་བྱེད་སྐབས། ཚེ་རིང་དབང་མོས་ཆེས་རྨང་གཞིར་གྱུར་པའི་ཐང་ཁྲོམ་བཤམས་ནས་ཚོང་རྒྱག་འགོ་ཚུགས། ཆར་རླུང་སོགས་གནམ་གཤིས་ངན་པ་གང་འདྲ་བསྟན་ཡང་། ཉིན་ལྟར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་ཁྲོམ་གཞུང་གང་སར་ཚོང་ཟོག་ཚོང་བར་བསྐྱོད་པའི་བརྒྱུད་རིམ་ཁྲོད་ཉམས་མྱོང་བསགས་ཤིང་ལག་རྩལ་ཡང་མཁས་པར་གྱུར། ཁོང་གིས་ཁ་དན་ཚིག་གནས་རྩ་བར་འཛིན་ནས་དངོས་ཟོག་སྤུས་དག་བཙོངས་པས། གྲོང་པ་ཁྱིམ་མཚེས་ཚོའི་ཡིད་ཆེས་རིམ་བཞིན་ཐོབ། ཁོང་གིས་དངོས་སྒྲུབ་ཏན་ཏིག་གི་སེམས་ཤུགས་ཆེན་པོར་བརྟེན་ནས་གོམ་སྟབས་རེ་རེ་བརྟན་པོར་སྤོས་པ་དང་། 2017ལོར་གཞིས་རྩེ་གྲོང་ཁྱེར་གཙང་ཁུལ་ཚོང་དོན་ཚད་ཡོད་ཀུང་སི་བཙུགས་ཏེ་བོད་བཟོའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་མི་ཉམས་གོང་འཕེལ་གཏོང་བའི་ལས་ལ་ཧུར་ཐག་ཞུགས། ཚེ་རིང་དབང་མོས་སྤུས་ཚད་ལེགས་པ་དང་། རིན་གོང་ཁེ་བ། ཁ་དན་ཚིག་གནས་ལ་སྣང་ཆེན་བཅས་ཀྱི་ཚོང་གཉེར་འདུ་ཤེས་མཐའ་འཁྱོངས་བྱས་ནས་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ཧུར་ཐག་བྱས་ཏེ། སྲོལ་རྒྱུན་གྱི་བོད་བཟོའི་རྒྱན་ཆ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་པ་རེད།

    བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་སྦྲགས་ཁོང་གིས་ཐོག་མའི་བསམ་འདུན་ནམ་ཡང་མི་བརྗེད་པ་དང་བཀའ་དྲིན་ཚོར་བར་བྱེད་ཀྱི་ཡོད། “ཏང་གི་སྲིད་ཇུས་བཟང་པོ་མེད་པ་དང་མི་རིགས་ཁག་གི་སྤུན་ཟླའི་རོགས་སྐྱོར་མེད་ན། ང་རང་ད་ཆ་འདི་ལྟར་ཡོང་མི་སྲིད” ཅེས་པ་ནི་ཚེ་རིང་དབང་མོས་རྟག་ཏུ་ཤོད་པའི་སྐད་ཆ་ཞིག་ཡིན་ལ་ཁོང་གིས་ལོ་མང་རིང་དངོས་སུ་ལག་ལེན་དུ་བསྟར་བའི་དད་སེམས་ཤིག་ཀྱང་རེད། ཁོང་གིས་ལས་གཏོད་ཀྱི་དཀའ་ཚེགས་ཤེས་པའི་དབང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་ཀྱི་ཡོད། ལོ་མང་རིང་ཁོང་གིས་རང་འགུལ་ངང་སྡེ་ཁུལ་གྱི་མི་རིགས་ཁག་གི་ལས་གཏོད་གཞོན་ནུ་བཅུ་ལྷག་ཙམ་ལ་ལས་འགོ་འཛུགས་པའི་མ་དངུལ་མཁོ་འདོན་དང་། ཕྱིར་འཚོང་ཐབས་ལམ་འབྲེལ་མཐུད། ཚོང་གཉེར་གྱི་ཉམས་མྱོང་དམར་ཁྲིད་བཅས་བྱས་ཏེ་ཁོ་ཚོར་ལས་གཏོད་ཀྱི་དཀའ་ངལ་སེལ་རོགས་བྱས་ཡོད། ཁོང་གིས་ད་དུང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ཀུང་སིའི་ལས་མིར་སྔོན་ལ་བསྡུས་པ་དང་། ཉལ་ཁང་སྤྲད་ཅིང་ཟ་མ་སྟེར་བ། ལག་ཤེས་བཟོ་རྩལ་དང་གཉེར་སྐྱོང་བྱེད་སྟངས་སློབ་ཁྲིད་ཞིབ་ཚགས་བྱས་ནས། སྔ་རྗེས་སུ་གཞོན་ནུ་4ལ་རང་བརྟེན་ལས་གཏོད་བྱེད་རོགས་བྱས་པ་རེད།

    ཚེ་རིང་དབང་མོས་མི་རིགས་མཐུན་སྒྲིལ་ནི་ཁྱིམ་མཚེས་འཆམ་མཐུན་ཡོང་བའི་རྨང་གཞི་ཡིན་ལ་སྤྱི་ཚོགས་བརྟན་ལྷིང་གི་རྨང་རྡོ་དེ་བས་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་རིམ་བཞིན་ཁོང་གིས་མི་རིགས་ཁག་གི་གྲོང་པ་ཁྱིམ་མཚེས་རང་གི་ཁྱིམ་དུ་བོས་ནས་མཉམ་དུ་ལྷན་འཛོམས་ཀྱི་ཟ་མ་ཟ་གིན་ཅི་འཕྲོས་མོལ་འཕྲོས་བཤད་དེ་དགོད་སྒྲའི་ཁྲོད་དུ་མི་རིགས་དབར་གྱི་མཛའ་བརྩེ་ཟབ་ཏུ་གཏོང་བ་དང་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་གྱི་ཡོད། དགེ་བར་བརྩོན་པ་དང་མཐུན་སྒྲིལ་ལ་དགའ་ཞིང་ཐེག་པ་ཁུར་དུ་ལེན་ཕོད་པས། ཁོང་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཡག་ཤོས་དང་། བོད་རང་སྐྱོང་ལྗོངས་ཀྱི་བཟང་པོ་ལྔའི་ཤེས་དཔལ་ཁྱིམ་ཚང་། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར་སོགས་ཀྱི་མཚན་སྙན་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།