“ལོ་ལྔ་ཚན་བཅུ་བཞི་པའི”རིང་མངའ་རིས་ས་ཁུལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་ཡང་ཡང་མངོན་པ།
ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“མངའ་རིས་ས་ཁུལ་གྱི‘ལོ་ལྔ་ཚན་བཅུ་བཞི་པའི’རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་ཚུགས་གསར་པ་ཇུས་འགོད”ཅེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་མངའ་རིས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་རྐང་ལ་དམིགས་པས་མི་རིགས་མཉམ་འདྲེས་དང་། དཔལ་འབྱོར་སྒུལ་ནུས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ། མང་ཚོགས་ཀྱི་བདེ་རྩ། སྐྱེ་ཁམས་སྲུང་བཅད་བཅས་བཀྲག་མདངས་འཚེར་ས་ལྔའི་རང་མདངས་གསལ་པོར་མངོན་ཡོད་པ་རེད།
ལོ་5ཡི་རིང་། མངའ་རིས་ས་ཁུལ་གྱིས་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ས་ཁུལ་དང་རྫོང་6གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་དང་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་བཏོད་པས“ནུབ་རྒྱུད་ཀྱི་མུ་ཏིག”སྟེ་མངའ་རིས་ཀྱི་ཡུལ་ཕྱོགས་གང་ས་གང་ནས་མི་རིགས་ཁག་གི་སྤུན་ཉེ་འཆམ་མཐུན་གྱི་བརྩེ་སེམས་མངོན་འོང་། དཔལ་འབྱོར་འཕེལ་རྒྱས་ཐད། ནུས་ཤུགས་གཅིག་སྡུད་ཀྱིས་ཐོན་ལས་ཆེན་པོ་དགུ་འཕེལ་རྒྱས་བཏང་ནས་སྒེར་རྩེའི་འབྲོང་རྒྱུད་འབྲི་གཡག་ལ་བརྟེན་ཏེ་བྱང་ཐང་གི་ཁྱད་ལྡན་འབྲོག་ལས་ཀྱི་མིང་བྱང་བཏོད་པ་དང་། ཞང་ཞུང་གི་རིག་གནས་ཡུལ་སྐོར་གྱིས་ལོ་ངོ་སྟོང་གི་ཤེས་དཔལ་ཚོར་ཐུབ་པ་དང་། དམའ་དབྱིངས་དཔལ་འབྱོར་གྱིས་ས་མཐོའི་མཁའ་དབྱིངས་སུ་ལས་རྣམ་གསར་རྐྱང་ཞིག་སྐྱེད་སྲིང་བྱས་ཡོད། 2025ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་114.21ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་ལྡབ་1.6ཡིན་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་ཐད། G216མིན་ཧྥེང་ནས་སྒེར་རྩེའི་བར་གྱི་གཞུང་ལམ་དང་། སྤུ་ཧྲེང་རྫོང་གི་དྲོད་འདོན། སྟོད་ཡུལ་ཆུ་མཛོད་སོགས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་གཙོ་གནད་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ཡོད། མཛེས་མཐུན་གྲོང་གསེབ་45འཛུགས་སྐྲུན་དང་གྲོང་ཚོ་78ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལེགས་གྲུབ་བྱུང་བ་དང་གློག་དྲ་ཁྱབ་ཚད་97.5%བར་མཐོ་རུ་ཕྱིན་ཡོད། མངའ་རིས་ཀྱི“བར་སྣང་གི་འཇུག་སྒོ”གཉིས་པ་སྤུ་ཧྲེང་གནམ་ཐང་བསྐྲུན་ནས་གཉེར་སྐྱོང་བྱས་པ་དང་། དགུན་ས་ནས་ཁྲེང་ཏུའུ་ཐེན་ཧྥུའུ་བར་གྱི་ཐད་གཏོང་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་ནས་བོད་ཀྱི་ནུབ་རྒྱུད་ས་མཐོ་དང་མེས་རྒྱལ་ས་གནས་ཁག་དབར་གྱི་ཡུལ་དུས་ཀྱི་བར་ཐག་ནི་དེ་སྔའི་ཉིན་ཁ་ཤས་ནས་ད་ཆའི་ཆུ་ཚོད་ཁ་ཤས་བར་ཐུང་དུ་ཕྱིན་ཡོད། མང་ཚོགས་ཀྱི་བདེ་རྩའི་ཐད། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་རིམ་གསུམ་ཀ་པ་རིམ་པའི་ཕྱོགས་བསྡུས་སྨན་ཁང་ཐོག་མ་བདེ་བླག་ངང་བཙུགས་ནས་ལོར་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་11ལས་ཐེངས་དང་པོར་བརྒལ་བ་དང་། ས་ཁུལ་གྱི་སྨན་རྩིས་ཁང་གིས་ལོར་བོད་སྨན་སྣ་ཚོགས་རྒྱ་མ་5000ལྷག་ཙམ་བཟོས་པ། བོད་སྨན་སྣ་ཁ་157སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་བཅུག་པ་རེད། སློབ་གསོའི་ཁྱབ་ཁོངས་སུ“བླ་སྲོག་གཏོད་པ་དང་། རྨང་གཞི་བརྟན་གཏོང་། སྤུས་ཚད་ལེགས་བཅོས། དགེ་རྒན་སྟོབས་ཆེར་གཏོང་བ། སློབ་མ་གསོ་སྐྱོང”བཅས་ཀྱི་འདུ་འགོད་ཆེན་པོ་ལྔ་ལག་བསྟར་གཏིང་ཟབ་བྱས་ནས་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་ཁྱབ་ཚད་100%ཟིན་པ་དང་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་99.98%ཟིན་ཡོད། གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་96%དང་95%ཡན་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་ལས་བྱེད་པ་དང་མང་ཚོགས་ལ་ན་དུས་སྨན་བཅོས་ཐུབ་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། སྡོད་སའི་ཁང་པ་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ་བཅས་ཀྱི་དམངས་འཚོའི་རང་མདངས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། སྐྱེ་ཁམས་སྲུང་བཅད་ཐད། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་ཞིང་། རིམ་རྩིས་བརྒྱབ་ན་ལྗོན་ཤིང་རྐང་ཁྲི་239ལྷག་ཙམ་བཙུགས་པ་དང་། ནགས་བཟོ་སྔོ་འགྱུར་མུའུ་ཁྲི་5ལྷག་ཙམ་བྱས་པ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་19.05དབྱེ་འབྱེད་གཏན་འཁེལ་བྱས་པ། ས་ཁུལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་56%ཚང་མ་སྲུང་སྐྱོང་ཁྱབ་ཁོངས་ནང་བཅུག་པ་བཅས་རེད། བྲེ་སེར་འབྲོང་ཁྱུ་ཚོགས་500ལྷག་ཙམ་དང་གཙོད་ཁྱུ་ཚོགས་ཁྲི་13.9ལྷག་ཙམ་མང་དུ་སོང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་མངའ་རིས་ས་མཐོའི་ཡུལ་ཕྱོགས་གང་སར་མཐོང་རྒྱུ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། མངའ་རིས་ས་ཁུལ་གྱིས་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་བ་དང་། ཞིང་འབྲོག་ལས་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མཐའ་སྟོབས་ཀྱི་འདེགས་སྐྱོར་རྒྱུན་མཐུད་བརྟན་དུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། གངས་ལྗོངས་ས་མཐོའི“ནུབ་རྒྱུད་ཀྱི་མུ་ཏིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།