དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཕེལ་རྒྱས་དོན་གཉེར་བྱས། གྲོང་གསར་ཐོན་ལས་དར།

    —— རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ལ་ཐོག་ཤང་རྩ་གྲོང་ཚོའི་ཏང་ཀྲི་པུའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-29

    2007ལོར། ལ་ཐོག་ཤང་རྩ་གྲོང་ཚོ་རི་ཁུག་ནས་ཞིང་ཆེན་ལམ་དང་ཐག་ཉེ་ཞིང་འགྲིམ་འགྲུལ་སྟབས་བདེ་བའི་བདེ་ཆེན་ཐང་དུ་སྤོས་པ་རེད།

    རྩ་གྲོང་ཚོའི་ཏང་ཀྲི་པུས་ཏང་ཡོན་གྱི་སྟོབས་ཤུགས་དང་། མང་ཚོགས་ཀྱི་སེམས་ཤུགས། འཕེལ་རྒྱས་ཀྱི་སྟོབས་ཤུགས་བཅས་གཅིག་ཏུ་བསྒྲིལ་ནས་གྲོང་ཚོ་ཡོངས་ཀྱི་ཡུལ་མིའི་སྣེ་ཁྲིད་དེ་གནས་སྤོས་གྲོང་ཚོ་དཀའ་ངལ་ལས་བསྒྲལ་ནས་དར་རྒྱས་གོང་འཕེལ་ཡོང་བའི་ལམ་བུར་བསྐྱོད་ཡོད།

    ལམ་བུ་འཚོལ་ཞིབ་བྱས་པས།

    ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པ་བྱུང་བ།

    གནས་སྤོས་བྱས་མ་ཐག་པའི་སྐབས། སྡོད་ཁང་གསར་པ་ཡིན་ཡང་ཁྱིམ་ཚང་གི་འཁོས་ཀ་དེ་ཙམ་ཡག་པོ་མེད།

    གྲོང་ཚོའི་ཏང་ཀྲི་པུས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ས་ཞིང་གསར་སྦོལ་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་བཟའ་འབྲུ་དང་སྔོ་ཚལ་མཁོ་སྤྲོད་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་བྱས་ཀྱང་འབབ་འཕར་གྱི་ཐབས་ལམ་ད་དུང་རྒྱ་ཆེར་གཏོང་མི་ཐུབ་པར་ལུས་ཡོད།

    ཕྱུག་པོའི་ལམ་དུ་ཇི་ལྟར་བསྐྱོད་པའི་ཐད་མང་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། དེའང་གྲོང་ཚོའི་ཏང་ཀྲི་པུས་ཐག་གཅོད་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།

    “སྤོས་བཟོ་གྲྭ་ཞིག་བཙུགས་ན་འཚམ་ཤོས་རེད”ཅེས་སྐབས་དེ་དུས་ཀྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་པ་ཚེ་རིང་གིས་ཚང་མའི་བསམ་འཆར་ཉན་ནས་གྲོང་ཚོའི་ཐོན་ཁུངས་ཀྱི་ལེགས་ཆར་བསམ་གཞིག་བྱས་རྗེས་སྤོས་ཀྱི་ཁྱད་ལྡན་ཐོན་ལས་ཚད་བརྒལ་དུ་བྱས་ཏེ་ཕྱུག་འགྱུར་གྱི་ལམ་ཞིག་གཏོད་རྒྱུའི་གཏན་འཁེལ་དེ་ལྟར་བྱས་ནས་བཤད།

    2014ལོར། ཏང་ཀྲི་པུས་ཕྱོགས་མང་པོ་ནས་བརྩོན་ལེན་བྱེད་པ་དང་། ཏང་ཡོན་གྱིས་སྣེ་ཁྲིད་དེ་མ་འཇོག་བྱེད་པ། མང་ཚོགས་ཀྱིས་རང་མོས་ངང་མ་དངུལ་གྲབས་གསོག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རྩ་གྲོང་ཚོས་མ་དངུལ་སྒོར་ཁྲི་43ལྷག་ཙམ་བཏོན་ཏེ་སྣང་རྫོང་ལ་ཐོག་ཤང་རྩ་གྲོང་ཚོའི་ཟུར་མཁར་སྤོས་བཟོ་གྲྭའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས“རང་ས་ནས་རྒྱུ་ཆ་ལེན་པ་དང་། རང་སར་བཟོ་བ། རང་སར་ཕྱིར་འཚོང་བྱེད་པ”བཅས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་བཏོན་ནས་ཐོན་ལས་གྲོང་ཚོར་གཞིས་ཚུགས་རྒྱུའི་སྐུལ་འདེད་བཏང་ཡོད།

    མིག་སྔའི་བར། སྣང་རྫོང་ལ་ཐོག་ཤང་རྩ་གྲོང་ཚོའི་ཟུར་མཁར་སྤོས་བཟོ་གྲྭའི་ཆེད་ལས་མཉམ་ལས་ཁང་ལ་རིམ་རྩིས་བརྒྱབ་ན་ཚོང་གཉེར་ཡོང་འབབ་སྒོར་ཁྲི་1500ལྷག་ཙམ་བྱུང་ནས་ཡུལ་མིར་བགོ་འགྲེམས་དང་གླ་ཆ་སྒོར་ཁྲི་700ལྷག་ཙམ་སྤྲད་ཡོད།

    ལམ་སྟོན་ཧུར་ཐག་བྱས་པས།

    འབྲོག་ལས་དམངས་ཕྱུག་གི་རྨང་གཞི་བརྟན་དུ་སོང་བ།

    ཐོན་ལས་སྣ་གཅིག་ལས་མེད་པའི་ཁར་ཉེན་འགོག་ནུས་པ་ཞན་པར་བརྟེན་གྲོང་གསེབ་ཕུགས་ཕན་དར་རྒྱས་དང་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བར་འདེགས་སྐྱོར་བྱེད་དཀའ་བར་གྱུར་ཡོད།

    2020ལོར། སྣང་རྫོང་གིས་ཁྱད་ལྡན་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་སྲིད་ཇུས་ལ་བརྟེན་ནས་རྩ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་སླར་ཡང་བྱ་ཐབས་གསར་པ་བཏོན་ཡོད།

    ཏང་ཀྲི་པུས་རང་འགུལ་ངང་ཇུས་གཞི་འགོད་པ་དང་། ཆེད་དོན་མ་དངུལ་སྒོར་ཁྲི་48བརྩོན་ལེན་བྱེད་པ། མང་ཚོགས་སྐུལ་སློང་བྱས་ནས་སྒོར་ཁྲི་162གྲབས་གསོག་བྱེད་པ། ཡུལ་མི་ཡོངས་ངལ་རྩོལ་ནང་ཞུགས་ནས་མཉམ་སྐྲུན་མཉམ་སྤྱོད་བཅས་བྱས་པས་འབྲི་གཡག་རྒྱགས་གསོའི་རྟེན་གཞི་ཞིག་བདེ་བླག་ངང་བསྐྲུན་ཐུབ་ནས་སྤྱོད་འགོ་ཚུགས་ཡོད།

    ཐོག་མའི་འབྲི་གཡག་བཅུ་གྲངས་ཙམ་ནས་ད་ལྟ་མགོ་གྲངས་བརྒྱ་ལྷག་ཙམ་བར་དང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་ནས་སྒོར་ཁྲི་བཅུ་གྲངས་ཁ་ཤས་བར་དང་། དེ་ནས་ད་ཆའི་སྒོར་ཁྲི་བརྒྱ་ལྷག་ཙམ་བར་མང་དུ་ཕྱིན་ཏེ་འབྲི་གཡག་རྒྱགས་གསོའི་རྟེན་གཞི་འདི་ཉིད་རྩ་གྲོང་ཚོའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཀ་རྟེན་ཐོན་ལས་གལ་ཆེན་གཞན་ཞིག་ཏུ་གྱུར་ཡོད།

    རྡོག་རྩ་གཅིག་ཏུ་བསྒྲིལ་བས།

    དར་རྒྱས་ཀྱི་འཆར་གཞི་མཉམ་དུ་འགོད་ཐུབ་པ་བྱུང་བ།

    2023ལོར། སྣང་རྫོང་གི་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག རྩ་གྲོང་ཚོའི་དེ་སྔའི་གྲོང་ཚོ་རིམ་པའི་འབྲི་གཡག་རྒྱགས་གསོའི་རྟེན་གཞི་ཕྱོགས་ཡོངས་ནས་རྒྱས་སྐྲུན་རིམ་སྤོར་བྱས་པས། གསོ་ཚགས་སྒྲིག་བཀོད་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་པ་མ་ཟད། རྩ་གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་དེ་ལ་ཐོག་ཤང་གི་གྲོང་ཚོ་10དང་མཉམ་སྐྲུན་མཉམ་གཉེར་ཡང་ཐུབ་ཡོད།

    གཟན་རྩྭ་འདེབས་འཛུགས་ལས་སྣོན་ལ་དམིགས་ནས“མངགས་ཐོའི་ཞིང་ལས”བྱེད་སྟངས་འཚོལ་ཞིབ་བྱས་ཏེ་རྩ་གྲོང་ཚོའི་ཏང་ཀྲི་པུས་ཉེ་འཁོར་གྲོང་ཚོ་དང་དེ་བཞིན་སྤུན་ཟླའི་ཤང་དང་གྲོང་རྡལ་གྱི་ཞིང་དུད་ཀྱི་སྣེ་ཁྲིད་དེ་གཞི་ཁྱོན་ཅན་གྱི་ཨ་ཤོམ་བཏབ་ནས་འབྲི་གཡག་རྒྱགས་གསོའི་གཟན་རྩྭ་མཁོ་སྤྲོད་འགན་ལེན་བྱས་པ་རེད།

    མིག་སྔར། རིམ་རྩིས་བརྒྱབ་ན་རྟེན་གཞིར་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་3700ལྷག་ཙམ་ཟིན་པ་དང་ཡུལ་མིར་ལས་ཞུགས་དང་མ་རྐང་བགོ་འགྲེམས་ཀྱི་འབབ་འཕར་སྒོར་ཁྲི་1500 ལྷག་ཙམ་རག་རྒྱུར་སྐུལ་ཁྲིད་ཐུབ་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་འབབ་འཕར་ཡོང་བའི་རྨང་གཞི་བརྟན་དུ་སོང་ཡོད།

    ལོ་འདི་དག་རིང་། རྩ་གྲོང་ཚོའི་ཏང་ཀྲི་པུས་རང་འགུལ་ངང་སྣེ་ཁྲིད་པ་དང་། ལ་ཐོག་གྲོང་ཚོ་དང་ཤུལ་གྲོང་ཚོ་སོགས་ཉེ་འགྲམ་གྱི་གྲོང་ཚོ་6དང་མཉམ་དུ་སྨན་རྩྭ་འདེབས་འཛུགས་ཐོན་ལས་ཁ་ཐོར་བསྡུ་སྒྲིལ་གྱིས་མཐུན་སྦྱོར་འཕེལ་རྒྱས་དང་མཉམ་དུ་འབབ་འཕར་ཡོང་བར་གཞོལ་བས། རི་ཁུལ་གྱི་གནས་སྤོས་གྲོང་ཚོ་ནས་ས་ཁོངས་ཡོངས་ཀྱི་དར་རྒྱས་སྐུལ་ཁྲིད་བྱེད་པའི་དཔེ་མཚོན་དུ་གྱུར་པའི་བར་རྩ་གྲོང་ཚོའི་འཕེལ་རྒྱས་ཀྱི་ལམ་བུ་ཇེ་ཡངས་སུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།