དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐུ་ལྷ་དར་གདོང་འབྲི་ཆུའི་ཆུ་འགོར་རྟ་རྒྱུག་སྟོན་མོར་རོལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-29

    ཟླ་བདུན་པའི་ཟླ་མཇུག་གི་བྱང་རྩྭ་ཐང་ནི་སྔོ་ལྗང་གོས་ཀྱིས་ཡོངས་སུ་བཀླུབས་པ་དང་། ནོར་ལུག་ཤ་ཤེད་རྒྱས། སྐུ་ལྷ་དར་གདོང་གི་གངས་ཆུ་བཞུར་ནས་གྲུབ་པའི་ཐོག་ཐོན་གཙང་པོས་འབྲི་ཆུའི་ཆུ་འགོ་ཁུལ་སྐྱོང་བཞིན་ཡོད། ཨ་མདོ་རྫོང་གི་རྟ་རྒྱུག་ཐང་དུ་ཤང་ཁག་ནས་ཡོང་བའི་འབྲོག་པ་ཚོས་ཇ་བསྲུབས་མ་དང་ཚགས་ཤ་སྐམ་པོ་སོགས་ཁྱེར་ཏེ་སྤང་ལྗོངས་ངོས་སུ་སྦྲ་གུར་ཕུབ་ནས་རྟ་རྒྱུག་གི་སྟོན་མོ་འགོ་ཚུགས་པའི་རེ་སྒུག་བྱེད་བཞིན་མཆིས།

    རོལ་མོའི་སྒྲ་གྲགས་པ་དང་བསྟུན་ནས་གེ་སར་སྒྲུང་འཆད་གྱེར་བྱེད་འགོ་ཚུགས་ཤིང་། གནའ་བོའི་ལོ་རྒྱུས་སྙན་ངག་མི་རྣམས་ཀྱི་རྣ་ལམ་དུ་གྲགས་དུས་རྔམ་ཟིལ་ཆེ་བའི་རྟ་དམག་ཁྲི་སྟོང་ལོ་རྒྱུས་ཀྱི་ཤུལ་ལམ་བརྒྱུད་འདྲེན་བྱེད་ལམ་དུ་མངོན་པ་ལྟར་སྣང་། གར་སྟེགས་སུ་འཁྲབ་སྟོན་པས་ཁ་བཏགས་མཐོན་པོར་བཏེགས་ཏེ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་ལ་བསུ་བ་ཞུས། རྟ་པ་རྣམས་རྟ་ལ་བཞོན་ཏེ་རྟ་རྒྱུག་ཐང་དུ་འཛུལ་བས་ཅང་ཤེས་རྟ་ཕོའི་རྨིག་སྒྲ་དང་ལྟད་མོ་བའི་འབོད་སྒྲ་ཅིག་ཅར་དུ་གྲགས། རྟ་པ་ཚོས་ཅང་ཤེས་རྟ་ཕོའི་འགྲོས་དང་བསྟུན་ཏེ་ཐང་ངོས་ཀྱི་ཁ་བཏགས་སྒྲུག་སྐབས་དཔའ་ཆ་ཐང་ཞིང་བདེ་ལྕག་འཁྱུག་པས་དགའ་འབོད་ཀྱི་སྒྲ་ཡང་ནས་ཡང་དུ་གྲགས།

    ཞོགས་པ་འབྲོག་པ་རྣམས་ཀྱིས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས། མོ་ཊ་དང་སྦག་སྦག་བཏང་བའམ་ཡང་ན་རྐང་ཐང་མར་རྟ་རྒྱུག་འགྲན་བསྡུར་བྱ་ཡུལ་གྱི་མཐའ་འཁོར་དུ་འདུས་ཏེ་ངང་རྒྱུད་རིང་པོས་བསྒུགས་ནས་བསྡད། འགྲན་བསྡུར་འགོ་ཚུགས་པའི་སྒྲ་གྲགས་མ་ཐག་ཅང་ཤེས་རྟ་ཕོ་བརྒྱ་ཕྲག་སྤྱི་ལེ་6གི་སར་གནས་པའི་འགྲན་འགོ་ནས་མདའ་མོ་གཞུ་ལས་བྲལ་བ་བཞིན་ཐོན་པས་དེ་མ་ཉིད་དུ་ནམ་མཁའ་ཐལ་བའི་རྡུལ་གྱིས་བསྒྲིབས།

    སི་ཁྲོན་ནས་ཡིན་པའི་ཡུལ་སྐོར་བ་ཀྲང་ལགས་ནི་རྩྭ་ཐང་དུ་རྟ་རྒྱུག་འགྲན་བསྡུར་ལ་ལྟ་བར་ཡོང་ཐེངས་དང་པོ་ཡིན་ཞིང་། ཁོང་གིས། “ཡུལ་འདིའི་མཐིང་མདོག་གི་ཨ་སྔོན་དང་། སྤྲིན་དཀར་གྱི་འདབ་མ། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་བཅས་མཐོང་སྐབས། རང་ཉིད་ཀྱི་བློ་རྒྱ་ཆེ་རུ་ཕྱིན་པའི་སྣང་བ་ཡོང་གི་འདུག རྟ་རྒྱུག་འགྲན་བསྡུར་དངོས་གནས་ལྟད་མོ་ཆེན་པོ་འདུག་ལ་ཚང་མས་མཉམ་དུ་དགའ་འབོད་བྱེད་པའི་རྣམ་པའང་ཧ་ཅང་འཁྲུག་ཆ་དོད་པོ་འདུག”ཅེས་བརྗོད།

    བྱང་རྩྭ་ཐང་དུ་རྟ་རྒྱུག་ནི་འགྲན་བསྡུར་ཙམ་ཞིག་ཡེ་ནས་མིན།

    བོད་བྱང་ཐང་གི་རྟ་རྒྱུག་རིག་གནས་ནི་གེ་སར་རྒྱལ་པོའི་ལོ་རྒྱུས་སྙན་ངག་སོགས་སྲོལ་རྒྱུན་རིག་གནས་དང་འབྲེལ་བ་ཟབ་མོ་ཡོད་ཅིང་། རྟ་རྒྱུག་འགྲན་པ་ལས་བོད་བྱང་ཐང་གི་འབྲོག་པས་དཔའ་བོར་རྗེས་དྲན་དང་གུས་བཀུར་ཞུ་ལུགས་མཚོན་གྱི་ཡོད། ལོ་ངོ་སྟོང་ཕྲག་གི་རིང་། འབྲོག་པ་རྣམས་ཀྱིས་རྩྭ་ཆུ་རྒྱས་པའི་ནམ་དུས་སུ་རྟ་རྒྱུག་དང་གླུ་གར་སོགས་ཀྱི་བྱེད་སྒོ་རང་འགུལ་ངང་སྤེལ་ཏེ། རང་བྱུང་ཁམས་ཀྱིས་གནང་བའི་ལེགས་སྐྱེས་ཀྱི་བཀའ་དྲིན་དྲན་བཞིན་ཡོད།

    ཨ་མདོ་རྫོང་ནི་སྐུ་ལྷ་དར་གདོང་གི་ཤར་འདབས་སུ་གནས་པ་དང་དེ་ནི་འབྲི་ཆུའི་ཆུ་འགོ་ཁུལ་ཡིན་ཞིང་། གནས་དེ་རུ་འཚོ་བའི་འབྲོག་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་ས་རང་ཡུལ་ལ་གུས་སྐྲག་དང་དགའ་ཞེན་ཚད་མེད་བྱེད་ཀྱི་ཡོད། དེ་སྔའི་རྟ་པ་མཐུ་བཙན་ད་ཆ་རྟ་རྒྱུག་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་ཡིན་ཞིང་། ཁོང་གིས། “རིག་གནས་ལུས་རྩལ་བྱེད་སྒོར་ཞུགས་པའི་མང་ཚོགས་ཀྱི་སྤྲོ་སེམས་ཇེ་ཆེར་འཕེལ་བ་དང་། ད་ཆ་རྟ་རྒྱུག་བྱེད་སྒོ་ལོ་ལྟར་འཆར་ཅན་སྤེལ་བ་ནི་མང་ཚོགས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་ཞིག་རེད” ཅེས་བརྗོད།

    ད་ཆ། ཨ་མདོའི་རྟ་རྒྱུག་འགྲན་བསྡུར་དེ་ཉིད་སྲོལ་རྒྱུན་གྱི་རྩལ་འགྲན་རྐྱང་པའི་བྱེད་སྒོ་ནས་ལུས་རྩལ་འགྲན་བསྡུར་དང་། རིག་རྩལ་འགྲེམས་འཁྲབ། ཡུལ་སྐོར་འོས་སྦྱོར་ངོ་སྤྲོད། ཐོན་རྫས་འགྲེམས་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་འདུ་ཚོགས་ཤིག་ཏུ་གྱུར་ཡོད།

    རྟ་རྒྱུག་ཐང་དང་ཐག་མི་རིང་བའི་སར། སྦྲ་གུར་སྟར་ཆགས་སུ་ཕུབ་ཡོད་པ་དེ་དག་ཁྲོད་དུ་ཚོང་དུད་350ལྷག་ཙམ་གྱིས་ཡུལ་ཟོག་དང་། བཟའ་བཏུང་། རོལ་རྩེད་སོགས་ཀྱི་ཚོང་གཉེར་བྱེད་བཞིན་ཡོད། ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་སྦྲ་གུར་ཁྲོད་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཞིམ་ཟས་ཀྱི་བྲོ་བ་མྱོང་བའམ་ཡང་ན་དྲན་རྟེན་དངོས་པོ་ཉོ་བཞིན་མཆིས།

    ཨ་མདོ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་པད་མ་ཆོས་སྒྲོན་གྱིས། “རྟ་རྒྱུག་བྱེད་སྒོར་བརྟེན་ནས། ང་ཚོས་གེ་སར་སྒྲུང་འཆད་གྱེར་དང་ཨ་མདོའི་རྒྱན་གོས་སོགས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དེ་བས་ལེགས་པ་ཐུབ་ཀྱི་ཡོད་ལ། མི་དེ་བས་མང་བས་ཨ་མདོའི་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་མང་ཚོགས་ཀྱི་བབ་ཆགས་ཤིང་སེམས་རྩ་འཁོལ་བའི་གཤིས་རྒྱུད་ཚོར་ཐུབ་པ་བྱེད་ཀྱི་ཡོད”ཅེས་བརྗོད།

    ད་ལོའི་ཨ་མདོ་རྫོང་གི་རྟ་རྒྱུག་འགྲན་བསྡུར་བྱེད་སྒོ་ཟླ་7ཚེས་28ཉིན་བར་སྤེལ་ཞིང་། དེའི་རིང་རྟ་རྒྱུག་ཕུད། ད་དུང་ཐག་པ་འཐེན་པ་དང་། གཉའ་ཐག་འཐེན་པ། རྡོ་འགྱོག་པ། འུར་རྡོ་འཕེན་པ་སོགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ཡང་བྱས་པས། ལུས་རྩལ་བྱེད་སྒོར་ཞུགས་མཁན་ཇེ་མང་དུ་ཕྱིན་ནས་དམངས་ཡོངས་ལུས་སྦྱོང་གི་རྣམ་པ་ཉིན་རེ་ལས་མ་འདས་པར་ཟབ་ཏུ་འགྲོ་བཞིན་ཡོད་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།