དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་ཞལ་པར་ནས་བཀའ་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་པར་ཙིར་གཉིས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ནས། ཀྲུང་པར་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད་ལ། ཡོ་ལང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ལའང་རྩ་ཆེའི་བརྟན་ལྷིང་རང་བཞིན་བསྣན་ཡོད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་དང་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་ལོ་ཡིན་པ་དང་། པར་ཙིར་གྱིས་ཀྱང་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་གལ་ཆེན་བསུ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་དང་མཉམ་དུ་ཕྱོཌ་གཉིས་དང་ཕྱོགས་མང་གི་འཐབ་ཇུས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་རྣམ་པ་བཟང་པོའི་རྒྱུན་མཐུད་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་བབ་གསར་པ་དང་འགྲན་སློང་གསར་པའི་མདུན་དུ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཡིན་པའི་ཀྲུང་གོ་དང་པར་ཙིར་གྱིས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་བློ་རྩ་བརྟན་པོས་ལངས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོབ་ཐད་དགེ་མཚན་ལྡན་པའི་ནུས་པ་དེ་བས་ཆེ་བ་འདོན་དགོས། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ཏེ། “འབོ་གསེར་ཆེན་པོའི་མཉམ་ལས”ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། མཉམ་ལས་ཀྱི་ཁ་ཕྱོགས་སྟངས་འཛིན་ཡག་པོ། མཐུན་སྒྲིལ་གྱི་འཕེལ་ཕྱོགས་སྲུང་སྐྱོང་། གྲུབ་འབྲས་དེ་བས་མང་བ་གཏོད་པ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་རྩོམ་དགོས། པར་ཙིར་ཕྱོགས་ཀྱི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ནུས་པ་གལ་ཆེན་ལ་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། པར་ཙིར་གྱིས་རང་ངོས་ཀྱི་བདག་དབང་རང་བཙན་ལ་སྲུང་སྐྱོང་དང་། ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བཅས་ལ་པར་ཙིར་ཕྱོགས་ཀྱི་ལེགས་སྐྱེས་འབུལ་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད།

    ལུའུ་ལཱ་ཡིས་གསུངས་དོན། པར་ཀྲུང་རྒྱལ་ཁབ་གཉིས་པོས་དེ་བས་དྲང་གཞག་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཆོག་པའི་སའི་གོ་ལའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། རྒྱལ་ཁབ་གཉིས་པོའི་ཚོང་དོན་དངུལ་འབོར་སླར་ཡང་ཟིན་ཐོ་གསར་པ་བཏོད་པ། “པར་ཀྲུང་རིག་གནས་ལོའི”བྱེད་སྒོ་ཁག་ལས་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་དམངས་འདོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མི་ཐབས་རིག་ནུས་དང་ནུས་རྒྱུའི་གཏེར་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོའི་ཁེ་ལས་དེ་བས་མང་བ་པར་ཙིར་དུ་མ་འཇོག་ལ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་བས་སྣ་མང་དང་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱེད་ཀྱི་ཡིན། ཀྲུང་གོས་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་བདེ་བླག་ངང་འཚོགས་པར་པར་ཙིར་ཕྱོགས་ཀྱིས་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་སྒོ་དབྱེ་བསྟུན་མཁས་ཀྱི་མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འདུ་ཤེས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་དམ་ཟབ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་། འབོ་གསེར་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན། ཕྱོགས་མང་རིང་ལུགས་མཐའ་གཅིག་ཏུ་སྲུང་སྐྱོབ། བཙན་དབང་ཆབ་སྲིད་ལ་མཐའ་གཅིག་ཏུ་ངོ་རྒོལ། གླེང་མོལ་དང་གྲོས་མོལ་བརྒྱུད་གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།