དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཅིང་ཏེ་ཀྲེན་གྱི་དཀར་ཡོལ་ལག་ཤེས་ཤུལ་བཞག”འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་གྲས་སུ་ཚུད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-28

    ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་25ཉིན་གྱི་ཆུ་ཚོད་12དང་སྐར་མ་44ལ། ཧན་གོའི་ཧྥུའུ་ཧྲན་དུ་འཚོཌ་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་ཞེ་བརྒྱད་པར། ཚོགས་འདུའི་ཀྲུའུ་ཞིས“ཨུ་ཡོན་ལྷན་ཁང་གིས་48 COM 8B.16(ཚོགས་འདུ་སྐབས་ཞེ་བརྒྱད་པའི་གྲོས་རིམ་8Bཡི་གྲོས་ཆོད་ཨང་16པ)ལ་གྲོས་འཆམ་བྱ་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་ཡིན”ཞེས་སྒམ་ནན་ངང་ཁྱབ་བསྒྲགས་བྱས་ཤིང་། ཁྱབ་བསྒྲགས་ཀྱི་དབྱུག་ཐོ་བརྡུངས་པ་དང་ཆབས་ཅིག་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་གྲགས་པ་སྟེ། “ཅིང་ཏེ་ཀྲེན་གྱི་དཀར་ཡོལ་ལག་ཤེས་ཤུལ་བཞག《འཛམ་གླིང་ཤུལ་བཞག་མིང་གཞུང》དུ་ཚུད་པ་དེས་ཀྲུང་གོའི་འཛམ་གླིང་ཤུལ་བཞག་བསྡོམས་འབོར་61བར་མང་དུ་ཕྱིན་ཡོད་པ་རེད།

    རྒྱལ་ཁབ་ཁག་གི་འཐུས་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོའི་འཐུས་མི་ཚོགས་པ་ཡོད་སར་ཡོང་ནས“ཅིང་ཏེ་ཀྲེན་གྱི་དཀར་ཡོལ་ལག་ཤེས་ཤུལ་བཞག”མངོན་མིན་རིག་གནས་ཤུལ་བཞག་གྲས་སུ་ཚུད་པར་རྟེན་འབྲེལ་ཞུས་པ་རེད། འཐུས་ཚབ་ཚོགས་པའི་སྟེགས་བུའི་མདུན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། འཐུས་མི་དང་ལས་དོན་མི་སྣ་མི་ཉུང་བ་ཞིག་གིས་ཁ་པར་བཏོན་ནས་མི་སེམས་འགུལ་བའི་སྐད་ཅིག་མ་དེ་པར་དུ་བླངས་པ་རེད།

    “ཅིང་ཏེ་ཀྲེན་གྱི་རྫ་དཀར་གྱི་རིན་ཐང་དེ་ཁྱད་འཕགས་ཀྱི་དཀར་ཡོལ་བཟོ་རྩལ་ཙམ་མ་ཟད། དེ་བས་དེའི་སྒྱུ་རྩལ་གྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་ཆེན་པོ་ནས་མངོན་གྱི་ཡོད་པས། འཛམ་གླིང་ཧྲིལ་པོའི་སྒྱུ་རྩལ་འཕེལ་རྒྱས་ལ་ཤུགས་རྐྱེན་རྒྱ་ཁྱབ་ཐེབས་ཡོད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་བཅའ་སྡོད་ལེ་པ་ནོན་གྱི་སྐུ་ཚབ་ཟུར་པ་ཅ་ཏེ·ཐ་པེ་ཐེས། “ཅིང་ཏེ་ཀྲེན་གྱི་དཀར་ཡོལ་ལག་ཤེས་ཤུལ་བཞག”མངོན་མིན་རིག་གནས་ཤུལ་བཞག་གྲས་སུ་ཚུད་པ་དེ་ཡུན་རིང་དཀའ་སྤྱད་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། དེ་ལས་གྲ་སྒྲིག་ཚགས་ཚུད་དང་ཏན་ཏིག་བྱས་པའང་མཚོན་གྱི་ཡོད། “གྲུབ་འབྲས་འདི་ལྟ་བུ་ཐོབ་པར་ང་རང་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་མི་དམངས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་གི་ཡིན”ཞེས་བརྗོད་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་སྡོད་ཁོ་མོ་རོའི་འཐུས་མི་མུའུ་ཧན་མོ་ཏེ·ཧ་མ་ཏིས། “ཅིང་ཏེ་ཀྲེན་གྱི་དཀར་ཡོལ་ལག་ཤེས་ཤུལ་བཞག”ལ་མི་རྣམས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་པ་དང་། དེ་མངོན་མིན་རིག་གནས་ཤུལ་བཞག་གྲས་སུ་ཚུད་པ་དེ་ནི་ཀྲུང་གོས་དུས་ཡུན་རིང་པོ་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྤེལ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་གང་ལེགས་བྱས་པ་ཞིག་རེད་ཅེས་བརྗོད།

    “‘ཅིང་ཏེ་ཀྲེན་གྱི་དཀར་ཡོལ་ལག་ཤེས་ཤུལ་བཞག’《འཛམ་གླིང་ཤུལ་བཞག་མིང་གཞུང》དུ་ཚུད་ནས་རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་རྣམ་གྲངས་དྲུག་ཅུ་རེ་གཅིག་ལ་གྱུར་པར་དཔང་པོ་བྱེད་རྒྱུ་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང”ཞེས་ཀྲུང་གོའི་སློབ་གསོ་པུའི་པུའུ་ཀྲང་གཞོན་པ་དང་ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རེན་ཡིའུ་ཆུན་གྱིས་བརྗོད་པ་དང་། ཁོང་གིས། རྫ་དཀར་ནི་ཀྲུང་ཧྭའི་མཆོག་ནོར་དང་ཀྲུང་ཧྭའི་ཤེས་དཔལ་གྱི་མིང་བྱང་གལ་ཆེན་ཞིག་རེད་ལ། མིའི་རིགས་ཀྱི་ཐུན་མོང་གི་རིག་གནས་མཆོག་ནོར་ཞིག་ཀྱང་རེད་ཅེས་བརྗོད། ཀྲུང་གོ་སྲིད་གཞུང་གིས“ཅིང་ཏེ་ཀྲེན་གྱི་དཀར་ཡོལ་ལག་ཤེས་ཤུལ་བཞག”སྲུང་སྐྱོང་དོ་དམ་ཐད་འབད་བརྩོན་ཆེན་པོ་བྱས་པ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གིས་ཚད་མཐོའི་བསྔགས་བརྗོད་བྱས་པ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ཤུལ་བཞག་སྲུང་སྐྱོང་ལག་ལེན་ལ་ཚད་མཐོའི་ཁས་ལེན་བྱས་པ་ཞིག་རེད་ལ། དེ་ལས་ཀྲུང་གོས་གོ་ལ་ཧྲིལ་པོའི་ཤུལ་བཞག་སྲུང་སྐྱོང་ལ་སྤྱོད་གོ་ཆོད་པའི་ཇུས་གཞི་དང་ཉམས་མྱོང་ལེགས་སྐྱེས་སུ་ཕུལ་བའང་གསལ་བཤད་གང་ལེགས་ཐུབ་ཡོད།

    “ཅིང་ཏེ་ཀྲེན་གྱི་དཀར་ཡོལ་ལག་ཤེས་ཤུལ་བཞག”ནི་རང་རྒྱལ་གྱི་ཐོན་ལས་ཤུལ་བཞག་རིགས་ལ་བརྟེན་ནས་རེ་ཞུ་ལེགས་གྲུབ་བྱུང་བའི་འཛམ་གླིང་ཤུལ་བཞག་རྣམ་གྲངས་ཐོག་མ་དེ་ཡིན་ཞིང་། དེས《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་གི“དཀར་ཡོལ”བརྗོད་དོན་གཙོ་བོར་བྱས་པའི་རིག་གནས་ཀྱི་སྟོང་ཆ་བསྐངས་བ་དང་། ད་ནས་བཟུང་དར་གོས་དང་། ཇ་ལོ། དཀར་ཡོལ་བཅས་གནའ་བོའི་ཀྲུང་གོའི་ཕྱི་ཕྱོགས་སྤེལ་རེས་ཀྱི་རིག་གནས་ཕོ་ཉ་ཆེན་པོ་གསུམ་འཛམ་གླིང་ཤུལ་བཞག་གི་ཚོམས་ཆེན་དུ་དུས་གཅིག་ཏུ་བཀྲམ་ནས་ཤར་ཕྱོགས་ཀྱི་ཤེས་དཔལ་འཛམ་གླིང་གི་ཕྱོགས་སུ་སྐྱོད་པའི་བརྗིད་ཆེའི་ལེའུ་མཉམ་དུ་གླེང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།