“དྲ་བ་དྲུག”གིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་ལ་མཐུན་རྐྱེན་ཇི་ལྟར་སྦྱོར་གྱི་ཡོད་དམ།
ཉེ་ཆར་མི་མང་པོས“དྲ་བ་དྲུག”གི་སྐོར་གླེང་གི་ཡོད། “དྲ་བ་དྲུག”ཅེས་པ་དེར་སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མི་འདྲ་བ་གང་ཡོད་དམ། “དྲ་བ་དྲུག”འཛུགས་སྐྲུན་བྱེད་དགོས་དོན་གང་ཡིན་ནམ། དེ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་དབར་འབྲེལ་བ་གང་ཡོད་དམ།
—— མི་དམངས་དྲ་བའི་དྲ་གྲོགས།
གནད་དོན་དེ་དག་ལ་ལན་འདེབས་དགོས་ན་ཐོག་མར་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཅེས་པ་དེ་གང་ཞིག་ཡིན་པ་གསལ་པོར་ཤེས་དགོས།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ལ་བལྟས་ན། དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་གྲས་སུ་སྲོལ་རྒྱུན་ཐོན་ལས་དང་། གསར་དར་ཐོན་ལས། འབྱུང་འགྱུར་ཐོན་ལས། ཞབས་ཞུའི་ལས་རིགས། དེ་བཞིན་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་བཅས་ཚུད་ཡོད། མི་ཐབས་རིག་ནུས་ཀྱི་དུས་རབས་ཤར་རྗེས། རྩིས་ནུས་དྲ་བ་དང་རབས་གསར་འཕྲིན་གཏོང་དྲ་བ་གཉིས“ཆུ་གློག་སོལ་གསུམ”གསར་པར་སྔ་ས་ནས་གྱུར་ཡོད། དེར་བརྟེན་ད་ཆ་འཛུགས་སྐྲུན་བྱེད་བཞིན་པའི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་དེ། སྲོལ་རྒྱུན་གྱི་ལམ་འདིང་བ་དང་ཟམ་པ་སྐྲུན་པ་མིན་པར། ཐོན་སྐྱེད་ནུས་ཤུགས་གསར་མ་དང་མཉམ་དུ་འཕེལ་རྒྱས་འགྲོ་བའི་རྨང་གཞིའི་སྒྲིག་བཀོད་གསར་པ་ཞིག་རེད།
“དྲ་བ་དྲུག”ཅེས་པ་དེ་ཆུ་དྲ་དང་། གློག་དྲ་གསར་པ། རྩིས་ནུས་དྲ་བ། རབས་གསར་འཕྲིན་གཏོང་དྲ་བ། གྲོང་ཁྱེར་གྱི་ས་འོག་མདོང་ལམ་དྲ་བ། དེ་བཞིན་ཟོག་འགྲུལ་དྲ་བ་བཅས་ལས་གྲུབ་ཡོད། དེ་དག་ནི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་གི་གཞི་རྟེན་གཙོ་བོ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་མེད་དུ་མི་རུང་བའི་ཆ་ཤས་ཤིག་རེད།
“དྲ་བ”དེ་དག་གིས་ཐོན་ལས་ལ་མཐུན་རྐྱེན་ཇི་ལྟར་སྦྱོར་གྱི་ཡོད་དམ།
ཧྲན་ཏུང་ཝུའེ་ཧྥང་ཝུའེ་ཁྲའེ་ལེ་ཨོ་ཡི“རིམ་འདས་བཟོ་གྲྭ”ལ་གཟིགས་དང་། དེ་གར་མཐོང་རྒྱུ་མེད་པའི་5G—Aདྲ་རྒྱས་འཕྲུལ་མི་500ཙམ་ལ་ཞབས་བྲོ་རྒྱག་པར་བཀོད་འདོམས་བྱེད་ཀྱི་ཡོད། སྐར་ཆ་གཅིག་ཀྱང་མི་འགོར་བར་ཕན་ཚུན་མཐུན་སྦྱོར་བྱེད་ཅིང་། སྐར་མ་4ཡི་ནང་རྩེར་སོན་རིག་ནུས་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར་གཅིག་གི་ལྷུ་ལག་ཆ་ཚང་སྒྲིག་པ་དང་། ཐོན་སྐྱེད་སྒྲུབ་རིམ་མཇུག་སྣེར་མི་ཐབས་རིག་ནུས་སྤུས་བཤེར་བས་སྐར་ཆ་གཅིག་ཀྱང་མི་འགོར་བར་སྐྱོན་ཆ་ཏིལ་འབྲུ་ཙམ་ཡང་ཐར་པ་གཏོང་གི་མེད།
འདི་ནི“དྲ་བ་དྲུག”གིས་སྲོལ་རྒྱུན་ཐོན་ལས་ལ་མཐུན་རྐྱེན་སྦྱོར་བའི་བསྡུས་རིས་ཤིག་རེད། རྩིས་ནུས་དྲ་བ་དང་རབས་གསར་འཕྲིན་གཏོང་དྲ་བས་བཟོ་ལས་ཀྱི“དབང་རྩའི་ལྟེ་བ”བཞིན་སྲོལ་རྒྱུན་གྱི་ཐོན་སྐྱེད་སྒྲུབ་རིམ་ལ་གནད་སྨིན་ཤེས་ཚོར་དང་རིག་ནུས་ཐབས་འདོན་གྱི་ནུས་པ་སྦྱིན་ཡོད། གློག་དྲ་གསར་པས་ཐོན་སྐྱེད་དང་བཟོ་སྐྲུན་བྱེད་མཁན་དེ་བས་མང་བར་ལྗང་མདོག་གློག་སྤྱོད་རྒྱུ་ཡོང་བར་བྱས་ནས་ལྗང་མདོག་ཕྱོགས་སྒྱུར་བྱས་ཡོད།
གསར་དར་ཐོན་ལས་ཀྱི་ངོས་ནས་བརྗོད་ན། “དྲ་བ་དྲུག”ནི“འཕུར་མཆོང་གི་གཤོག་ཟུང”བསྒར་བ་དང་མཚུངས།
ན་ནིང་ཅང་སུའུ་ནན་ཅིང་ཅང་ཉིང་ཆུས་ཀྱི་ཤར་གཏོང་ཐུབ་པའི་གྲོང་ཁྱེར་དམའ་དབྱིངས་ཟོག་འགྲུལ་མཁའ་ལམ་ཐོག་མར་ཆ་མཚོན་ན། དེ་སྔོན་མི་མེད་གནམ་གྲུ་འཕུར་ཐག་རིང་ན་སྦྲེལ་ཚུགས་བརྗེས་པའི་དབང་གིས“ལམ་ནོར”ཐེབས་ནས་དུས་ཚོད་འཕྲོ་བརླག་འགྲོ་སླ་པོ་ཡོད་མོད། འོན་ཀྱང་6Gདམིག་ཚག་མེད་པའི་ལག་རྩལ་ལ་བརྟེན་ན་སྤྱི་ལེ་7.4ཡོད་པའི་མཁའ་ལམ་དེའི་བརྒྱུད་རིམ་ཧྲིལ་པོར་བརྡ་རྟགས་ཧ་ཅང་ཡག་པོ་ཡོད་པ་དང་མི་མེད་གནམ་གྲུ་སྤྱད་ཚེ་རླངས་འཁོར་ལས་ལྡབ་གཅིག་གིས་མགྱོགས་པ་ཡོད།
དེ་ནི་རབས་གསར་འཕྲིན་གཏོང་དྲ་བ་དང་ཟོག་འགྲུལ་དྲ་བའི་དབར་མཐུན་སྦྱོར་གཏིང་ཟབ་བྱུང་བ་ཞིག་ཡིན་ཞིང་། དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲོ་ལམ་ཤར་གཏོང་ཐུབ་པ་མ་ཟད། དམའ་དབྱིངས་དཔལ་འབྱོར་སོགས་གསར་དར་ཐོན་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་ཀྱང་བཏོད་ཡོད།
འབྱུང་འགྱུར་ཐོན་ལས་དེ་ཡང“དྲ་བ་དྲུག”ཅེས་པའི་ས་རྒྱུ་གཤིན་པོ་དེ་དང་འབྲལ་ཐབས་མེད། རབས་གསར་འཕྲིན་གཏོང་དྲ་བ་དང་། རྩིས་ནུས་དྲ་བ། གློག་དྲ་གསར་པ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱ་རྒྱུ་ནི་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་བྱེད་པའི་འགག་རྩ་རེད།
རབས་གསར་འཕྲིན་གཏོང་དྲ་བས་དབང་རྩའི་གྲངས་གཞི་མང་པོ་ཞིག་དུས་ཡུན་ཐུང་ངུའི་ནང་བརྒྱུད་གཏོང་ཐུབ་ནས་ཀླད་འཕྲུལ་མཐུད་ཁ་དེ་ཉིད་ཚན་འཕྲུལ་ནས་དོན་དངོས་སུ་སྒྱུར་མགྱོགས་སུ་འགྲོ་བར་རམ་འདེགས་ཐུབ་ཀྱི་ཡོད། རྩིས་ནུས་དྲ་བའི་རམ་འདེགས་བརྒྱུད་སྐྱེ་དངོས་བཟོ་སྐྲུན་གྱིས་མི་ཐབས་རིག་ནུས་ལ་བརྟེན་ནས་ཞིབ་འཇུག་གསར་སྤེལ་དེ“རྒྱ་མཚོའི་ནང་ནས་ཁབ་འཚོལ་བ”ནས“གནད་སྨིན་སྔོན་དཔག”གི་ཕྱོགས་སུ་འགྱུར་བར་རོགས་རམ་ཐུབ་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།