དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བཟང་། དེང་རབས་ཐོན་ལས་འཕེལ་རྒྱས་མྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-28

    དབྱར་ཟླ་བདུན་པར། ལྷོ་ཁ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ནས་ལོ་ངོ་བཅུ་འཁོར་བའི་བཅར་འདྲིའི་བྱེད་སྒོ་སྤེལ་ཞིང་། གསར་འགོད་པས་ཡར་ཀླུང་གཙང་འགྲམ་རྫོང་དང་ཆུས་གསུམ་དུ་སྐྱོད་སྐབས། བཙས་མ་བརྔ་བསྡུ་ནས་རྐོ་དཀྲོལ་བར་དང་བཟོ་ཁང་ནས་ཐང་ཆེན་བར་རྒྱ་ཆེའི་མང་ཚོགས་བྲེལ་བརྩོན་གྱི་རྣམ་པས་ཁེངས་ནས་གང་སར་བབ་ཆགས་ཤིང་འཚོ་བར་དགའ་ཞེན་གྱི་གསོན་ཤུགས་ཤིག་ངམ་ངམ་ཤུགས་ཀྱིས་ཚོར་བྱུང་།

    རྒྱ་ཚའི་ཞིང་ཁར།

    ཞིང་འཕྲུལ་གྱིས་མཐུན་རྐྱེན་སྦྱར་ཞིང་སྟར་ཁའི་ཐོན་ལས་འཕེལ།

    རླངས་འཁོར་བཏང་ནས་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་མགར་དཀྱིལ་གྲོང་ཚོར་འབྱོར་སྐབས། ལམ་འགྲམ་སྤང་སྟེང་གི་རྩྭ་རྩེའི་ཟིལ་པ་ཡལ་མེད་པའི་སྐབས་སུ་ཡུལ་མི་ཚོ་ཞིང་ནང་དུ་བཙས་མ་བརྔ་བར་སླེབས་ཟིན། ལག་ཏུ་བཙས་འཁོར་ཆུང་ངུ་འཁྱེར་ནས་གསེར་མདོག་གི་བཙས་མ་གཞོགས་གཅིག་ཏུ་གྲལ་འགྲིག་པོར་གཡུགས།

    ཡུལ་མི་བཀྲ་ཤིས་དོན་གྲུབ་ཀྱིས་ཚར་མའི་འཆིང་ཐག་དཀྲི་བཞིན་དུ་འཛུམ་དམུལ་དམུལ་ངང“ང་ཚོ་ཆུང་དུས་ཞིང་ཁ་ཚང་མ་ཟོར་བ་འཁྱེར་ཏེ་བརྔ་དགོས་པས་དུས་ཚོད་གང་འཚམ་སོང་རྗེས་ཀེར་ཀེར་དུ་ལངས་ཐུབ་ཀྱི་མེད། ད་ཆ་འཕྲུལ་ཆས་ཡོད་པས་སྟབས་བདེ་རུ་ཕྱིན་ཡོད། སྐས་ཞིང་ཆུང་ངུར་བཙས་འཁོར་ཆུང་ངུ་འདི་རིགས་སྤྱོད་པ་དང་ཡུག་གཅིག་ཏུ་འབྲེལ་བའི་ཞིང་རྒྱ་ཆེན་པོར་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་སྤྱོད་ཀྱི་ཡོད་པས་དུས་ཚོད་གྲོན་ཆུང་ཐུབ་ལ་མིའང་མང་པོ་དགོས་ཀྱི་མེད”ཅེས་བཤད།

    གྲོང་ཚོ་ཨུ་ལྷན་གྱི་སྒོ་ར་ནི་གནས་སྐབས་གཡུལ་ཁ་གཏོང་སར་གྱུར་པ་དང་། དེང་རབས་ཅན་གྱི་ཞིང་འཕྲུལ་གྱི་སྒྲ་འུར་འུར་ཁྲོད་དུ་སྙེ་མ་ནས་འབྲུ་རྡོག་དོན་པའི་མྱུར་ཚད་ཧ་ཅང་མགྱོགས།

    ཉིན་དགུང་ངར་རབ་གྲོང་རྡལ་མགར་ཡུལ་གྲོང་ཚོའི་ལོ་ངོ་སྟོང་གི་སྟར་སྡོང་གླིང་ཁར་སྐྱོད་སྐབས། གནའ་བོའི་སྟར་སྡོང་3600ལྷག་ཙམ་ཉི་འོད་འོག་ཏུ་ལྷིང་ངེར་གནས།

    ཨ་ཅག་སྒྲོལ་མས་སྟར་ཁ་སྡེར་མ་གང་འཁྱེར་ཡོང་རྗེས་ཚང་མས་སྟར་ཁའི་བྲོ་བ་མྱོང་བཞིན“ཡུལ་འདིའི་སྟར་ཁའི་པགས་པ་སྲབ་ལ་བྲོ་བ་ཡག་པོ་འདུག”ཅེས་བསྔགས་པར་ཐལ།

    “དེ་སྔ་གཡོག་བྱེད་བྱེད་སྟངས་མི་ཤེས་པས་སྟར་ཁ་མང་པོ་འདོགས་ཀྱི་མེད་ལ་རིན་གོང་ཡང་ཡག་པོ་རག་གི་མེད། ད་ཆ་པགས་པ་བཤུ་བ་དང་། སྲོ་སྐམ་གཏོང་བ། སྣུམ་གཙཌ་པ་སོགས་ཧ་ཅང་སྟབས་བདེ་པོ་ཡོད་པས་གྲོང་ཚོ་ནས་མ་ཐོན་པར་རིན་གོང་ཡག་པོ་རག་གི་འདུག”ཅེས་སྒྲོལ་མས་རྫོང་གི་སྟར་ཁ་ལས་སྣོན་བཟོ་གྲྭའི་སྐོར་གླེང་།

    དེ་སྔ་ནོར་བུ་རང་ལ་ཡོད་ཀྱང་ནོར་ཉམས་མ་ཆོད་པ་རེད་འདུག ད་ཆ་སྲིད་གཞུང་གིས་ཁྲང་ཅང་སློབ་ཆེན་དང་མཉམ་དུ་ས་མཐོའི་སྟར་ཁའི་ཐོན་ལས་ཞིབ་འཇུག་ཁང་བཙུགས་ཏེ། གནའ་བོའི་སྟར་སྡོང་ནས་ཤིང་སོན་ལེགས་འདེམས་ཀྱིས་སྦྱར་ག་རྒྱག་གི་ཡོད། ཕྱོགས་མང་པོའི་འབད་བརྩོན་བརྒྱུད། རྒྱ་ཚའི་སྟར་ཁ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་4.5དང་སྡོང་པོ་ཁྲི་52བར་མང་དུ་ཕྱིན་ནས་ལོ་རེར་ཐོན་འབབ་ཏུན་1200དང་ཐོན་རྫས་རིན་ཐང་སྒོར་ཁྲི་8000ཟིན་གྱི་ཡོད་ཅིང་། རྡོག་པོ་ཆེ་བའི་སྟར་ཁ་ལས་ཐོན་ལས་འཁོར་འབྲེལ་གྱི་ཁེ་འབབ་རག་ཡོད།

    གྲ་ནང་གི་བཟོ་ཁང་དུ།

    ལག་ཤེས་བཟོ་རྩལ་བྱང་ཆུབ་ཅིང་སྣམ་བུའི་འཚོང་ལམ་ཡངས།

    གསར་འགོད་པ་དང་བཅས་པ་གྲ་ནང་རྫོང་ཤིག་བརྐོས་བཟོ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་འབྱོར་སྐབས། མཉམ་ལས་ཁང་གི་ལག་ཤེས་བཟོ་ཁང་དུ་ཤིག་བརྐོས་ཆེ་མོ་བ་སངས་རྒྱས་དབང་ཕྱུག་ལས་སྟེགས་མདུན་དུ་བསྡད་དེ་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་ཤིང་ཆའི་སྟེང་དུ་བྱང་ཆ་དོད་པོས་ཞིབ་ཅིང་ཚགས་པའི་ཤིག་བརྐོས་རྒྱག་བཞིན་འདུག

    “ཆུང་དུས་པ་ཕའི་དྲུང་ནས་རྐོ་དཀྲོལ་གྱི་ཤུགས་རྐྱེན་ཐེབས་ཏེ་ལས་ཀ་འདིར་ཧ་ཅང་དགའ་པོ་ཡོད། ལས་ཀ་འདི་བྱས་ནས་ལོ་བཅུ་ལྷག་ཙམ་སོང་ཡང་རང་ཉིད་ཀྱི་ལག་རྩལ་ཡག་པོ་ཡོད་ཅེས་འུད་ཤོབ་ཤོད་མི་ཕོད”ཅེས་སངས་རྒྱས་དབང་ཕྱུག་གིས་རྐོ་གྲི་བཞག་ནས་ལག་གཉིས་འཕུར་འཕུར་གཏོང་བཞིན་བཤད།

    “ལས་སྟེགས་མདུན་དུ་ཉིན་གང་སྡོད་དགོས་ཤིང་། བརྩམས་ཆོས་ཁག་གཅིག་ལ་ཟླ་ཕྱེད་དང་ཐ་ན་ཟླ་བ་གཅིག་འགོར་གྱི་ཡོད་ལ། ཁག་གཅིག་ཉིན་གསུམ་བཞི་ལས་འགོར་གྱི་མེད། ཤིག་བརྐོས་ལ་དུས་ཚོད་མང་པོ་འགོར་གྱི་ཡོད་ཀྱང་། རིན་གོང་མི་དམན་པ་རག་གི་ཡོད་པས། མངགས་ཐོ་མང་དུས་དགོང་མོའང་ལས་ཀ་བྱེད་དགོས”ཞེས་ལག་རྩལ་ཆེ་མོ་བ་གཞན་ཞིག་གིས་མུ་མཐུད་ནས་བཤད།

    དེས་མ་ཚད། ད་ཆ་མཉམ་ལས་ཁང་གིས་གྲ་ནང་རྫོང་ལས་རིགས་སློབ་གསོ་ལྟེ་གནས་དང་མཉམ་ལས་བྱས་ཏེ་ལས་སྒུག་ན་གཞོན་ཚོར་རིན་པ་མི་དགོས་པའི་གསོ་སྦྱོང་བྱེད་ཀྱི་ཡོད། ཁེ་ལས་དང་། སློབ་གྲྭ རྟེན་གཞི་བཅས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད། ན་གཞོན་ཚོ་རང་ས་རང་ཡུལ་ནས་བྲལ་མི་དགོས་པར་ལག་ཤེས་སྦྱོང་ཐུབ་པ་མ་ཟད། ཡོང་འབབ་ཀྱང་རག་གི་ཡོད།

    སངས་རྒྱས་དབང་ཕྱུག་གིས“མ་གཞི་མཉམ་ལས་ཁང་དུ་འཕྲུལ་ཆས་ནང་འདྲེན་བྱས་ཡོད་ཀྱང་། ངའི་པཱ་ལགས་ཀྱིས་འཕྲུལ་འཁོར་གྱིས་བརྐོས་པའི་བརྩམས་ཆོས་ནི་ལག་ཤེས་ཀྱི་བརྩམས་ཆོས་ལྟར་ཉམས་དོད་པོ་མེད་པའི་ངོས་འཛིན་གནང་གི་འདུག ང་ཚོས་སྲོལ་རྒྱུན་མི་ཉམས་པ་མ་ཟད། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཡང་བསྟུན་ཆེད། སྔར་རྒྱུན་བཞིན་ལག་བརྐོས་རྒྱག་གི་ཡོད”ཅེས་བཤད།

    ཤིང་ཆའི་དྲི་ཞིམ་ཕྱོགས་བཞིར་འཐུལ་བའི་བཟོ་ཁང་ནས་གྱེས་ཏེ། གསར་འགོད་པ་དང་བཅས་པ་སླར་ཡང་གྲ་ནང་རྫོང་གྲ་ཐང་གྲོང་རྡལ་གསེར་ཀོང་གྲོང་ཚོར་བསྐྱོད་པ་ཡིན།

    མང་ཚོགས་ཀྱི་སྡོད་ཁང་ནང་། ཆོས་སྒྲོན་གྱིས་འཐག་ཁྲིའི་སྟེང་དུ་སྒྲོམ་བུ་གཡུག་བཞིན་སྣམ་བུ་འཐག་བཞིན་འདུག མཉམ་ལས་ཁང་གི་འགན་འཁུར་བས“དེ་སྔ་སྣམ་བུ་སྒེར་བཏགས་སྒེར་སྤྱོད་རེད། ད་ཆ་མཉམ་ལས་ཁང་གིས་གཅིག་གྱུར་ཉོས་ཏེ་ཕྱི་ཕྱོགས་སུ་འཚོང་གི་ཡོད་པས་ལག་ཤེས་པའི་ལག་ཤེས་མ་ཤོར་བ་དང་ཆབས་ཅིག་ཡོང་འབབ་ཀྱང་རག་གི་ཡོད། ད་ཆ་ན་གཞོན་ཚོས་སྦྱོང་འདོད་བྱེད་ཀྱི་འདུག་ལ་ཡོང་འབབ་ཀྱང་གསོག་ཐུབ”ཅེས་བཤད།

    སྣེ་གདོང་གི་གར་སྟེགས་སུ།

    ལྷ་མོར་ལྟ་མཁན་མང་ཞིང་དམངས་སྲོལ་གནས་ཚང་འཁྲུག་ཆ་དོད།

    བཅར་འདྲི་བྱེད་ཐེངས་མཇུག་ཤོས་དེ་གསར་འགོད་པ་དང་བཅས་པ་ཡུམ་བུ་བརླ་མཁར་གྱི་གཤམ་དུ་གནས་པའི་ཁོད་སྙོམས་པའི་བོད་ཀྱི་ཞིང་ཁ་དང་པོ་ཟོ་དང་ཞིང་དུ་བསྐྱོད། ལོ་2100ལྷག་ཙམ་གྱི་གོང་དུ་བོད་རིགས་ཀྱི་མེས་པོས་དེ་གར་ཞིང་ཁ་སྦོལ་ནས་རྨོ་འདེབས་བྱེད་ཀྱི་ཡོད་པ་དང་ད་ཆ་དེ་གར་སྔར་བཞིན་ཐོན་འབབ་བཟང་པོ་ཡོད།

    ས་སྲོས་མཚམས་སུ་ཐང་ཆེན་དུ་མེ་ཕུང་སྤར་ཞིང་། ཡར་ཀླུང་བཀྲ་ཤིས་ཞོལ་པ་འཁྲབ་འགོ་ཚུཌ་པ་དང་འབག་སེར་པོ་གྱོན་པའི་འཁྲབ་སྟོན་པས་རྔ་རྡུང་བའི་སྒྲ་དང་བསྟུན་ནས་གཤོགས་ཆེ་བའི་སྟངས་སྟབས་འཁྲབ་པ་དང་ཡུལ་མི་དང་ཡུལ་སྐོར་བ་དེ་བས་མང་བ་ལྟད་མོ་ལྟ་བར་རུབ།

    འཁྲབ་སྟོན་པ་ངག་དབང་ནོར་བུའི་ངོ་གདོང་ལས་རྔུལ་ཆུའི་ཐིགས་པ་བཞུར་ཀྱང་དེར་སྣང་འཇོག་མི་བྱེད་པར་སྔར་བཞིན་ལྷ་མོ་འཁྲབ། ཁོ་པ་སློབ་ཆེན་ཐོན་རྗེས་ལྷ་མོ་ཚོགས་པར་ཞུགས་པ་དང་ད་ཆ་ཁྱིམ་གྱི་སྒོ་རྩར་འཁྲབ་སྟོན་བྱས་ནས་ཡོང་འབབ་བསགས་ཐུབ་པས་ས་ཆ་གཞན་དུ་གླ་པར་འགྲོ་དགོས་མེད།

    ལྷ་མོ་ཚོགས་པའི་འགན་འཁུར་བ་ཉི་མ་ཚེ་རིང་གིས“ང་ཚོས་ལྷ་མོ་འཁྲབ་པ་ཙམ་མ་ཟད། ད་དུང་ཕུལ་བྱུང་གི་རིག་གནས་རྒྱུན་འཛིན་བྱེད་ཀྱི་ཡོད། ན་གཞོན་འཁྲབ་སྟོན་པ་ཚོས་ཆུང་དུས་ནས་སྒྱུ་རྩལ་སློབ་སྦྱོང་བྱེད་ཀྱི་ཡོད་པས་གནའ་བོའི་ལྷ་མོ་རྒྱུན་འཛིན་ཐུབ་པ་མ་ཟད། དེ་བས་དར་ཁྱབ་ཇེ་ཆེར་འགྲོ་གི་ཡོད”ཅེས་བརྗོད།

    བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ལ“ལྷ་མོའི་གྲོང་ཚོ་དང་པོ”ཞེས་བརྗོད་པ་དང་། ལོ་600ལྷག་ཙམ་རྒྱུན་འཛིན་བྱས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་དེ་ད་ཆ་ལྷ་མོ་དང་དམངས་སྲོལ་གནས་ཚང་ཟུང་འབྲེལ་གྱི་འཕེལ་རྒྱས་མྱུར་ལམ་ཐོག་སྐྱོད་ཐུབ་ཡོད།

    2020ལོར་སྡེ་ཁུལ་གྱི་དམངས་སྲོལ་གནས་ཚང་གི་ཐོན་ལས་དོན་འཁྱོལ་བྱས་ནས་དང་ཐོག་མའི་ཏང་ཡོན་དུད་ཚང་7གྱིས་སྣེ་ཁྲིད་པ་ནས་ད་ཆའི་དུད་ཚང་85བར་འཕེལ་རྒྱས་ཕྱིན་པ་དེས་བསྡུར་ཚད་བཅུ་ཆ་དྲུག་ལྷག་ཙམ་བཟུང་ཡོད་པ་དང་། ན་གཞོན་120ལྷག་ཙམ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཡོད། དམངས་སྲོལ་གནས་ཚང་གི་ཡོང་འབབ་ལོ་རེ་ལས་མ་འདས་པར་ཡག་ཏུ་འགྲོ་གི་འདུག“ཧུའུ་པེའི་བོད་སྐྱོར་ལས་དོན་རུ་ཁག་གིས་སྔ་རྗེས་སུ་སྒོར་ཁྲི་5000ལྷག་ཙམ་བཏང་ནས་ང་ཚོར་ལམ་བཟོ་བ་དང་། ཆུ་ཡུར་སྒྱུར་བཀོད། ཐང་ཆེན་སྐྲུན་རོགས་བཅས་བྱས་ཡོད”ཅེས་སྡེ་ཁུལ་གྱི་ལས་བྱེད་པས་ངོ་སྤྲོད་བྱས།

    ལྷོ་ཁ་ས་ཁུལ་ནས་གྲོང་ཁྱེར་དུ་བསྒྱུར་ཏེ་ལོ་བཅུ་སོང་རིང་། ཞིང་ནང་དུ་ལོ་ལྟར་ལོ་ལེགས་བྱུང་བ་དང་། རྐོ་དཀྲོལ་བརྩམས་ཆོས་རྒྱུན་མཐུད་ནས་རྐོ་བ། ལྷ་མོ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བཅས་བྱུང་ཞིང་། ཡར་ཀླུང་ས་གཞི་ཆེན་པོའི་སྟེང་གི་མི་ཚོས་སྔར་བཞིན་ས་ཞིང་དང་། ལག་ཤེས། གར་སྟེགས་བཅས་སྲུང་སྐྱོབ་དང་སྦྲགས་གོང་འཕེལ་གཏོང་བཞིན་མཆིས། 

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།