དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལོ་སྟོད་དུ་འགྲམ་འགག་སྒོའི་རྒྱལ་སྒྲོལ་ཚོང་དོན་ལ་གསོན་ཤུགས་རྒྱུན་མཐུད་འཕེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-28

     2026ལོའི་ལོ་སྟོད་དུ་འགྲམ་འགག་སྒོའི་ཕྱི་ཕྱོགས་ཚོང་དོན་གྱི་གྲངས་གཞི་མངོན་གསལ་དོད་པ་སྟེ། འགག་སྒོའི་ཕྱིར་གཏོང་ཟོག་འདྲེན་བྱེད་ཚད་ཏུན་ཁྲི་5.14ཟིན་པ་དེ་དུས་མཚུངས་ལས་6.1%འཕར་བ་དང་། ཕྱིར་གཏོང་ཚོང་ཟོག་གི་སྣ་ཁ་1807བར་མང་དུ་ཕྱིན་པ་དེ་དེ་སྔ་ལས་སྣ་ཁ་105མང་དུ་ཕྱིན་པ། ཁེ་ལས་910ཡིས་འགག་སྒོར་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་གཉེར་བ་དེ་དུས་མཚུངས་ལས་16.07%འཕར་ཡོད། དངོས་ཟོག་ཤར་གཏོང་ཐུབ་ཚད་མཐོ་རུ་བརྟན་པོ་ཕྱིན་པ་དང་། ཕྱིར་གཏོང་ཚོང་ཟོག་གི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ཕྱི་ཕྱོགས་ཚོང་དོན་གཉེར་སྐྱོང་བྱེད་པོ་རྒྱུན་མཐུད་སྟོབས་ཆེར་ཕྱིན་པ་སོགས་མཐུན་རྐྱེན་མང་པོ་འཛོམས་པས་འགྲམ་འགག་སྒོའི་ཕྱི་ཕྱོགས་སྒོ་དབྱེར་གསོན་ཤུགས་གང་ལེགས་འཕེལ་ཡོད།

    འགག་སྒོའི་ལྟེ་བའི་ནུས་པ་གང་ལེགས་འདོན་ཆེད། ལྷ་ས་འགག་སྒོའི་ཁོངས་གཏོགས་གཉའ་ལམ་འགག་སྒོས་འགག་སྒོ་སྒྲོལ་བའི་སྟབས་བདེའི་བྱ་ཐབས་རབ་དང་རིམ་པ་བཏོན་པ་སྟེ། འགག་སྒོ་སྒྲོལ་བའི་སྔོན་མངགས་ཞབས་ཞུ་ཁྱབ་གདལ་གཏོང་བ་དང་། རེ་ཞུ་སྔོན་ལ་བྱེད་པ་དང་། འཛིན་ཡིག་དང་མངགས་ཐོ་སྔོན་ལ་ཞིབ་དཔྱད། འབྱོར་མ་ཐག་ཞིབ་བཤེར་དང་གློད་པ་སོགས་སྟབས་བདེའི་བྱ་ཐབས་མཉམ་དུ་སྤྱད་དེ་འགག་སྒོ་སྒྲོལ་བའི་ཕན་ནུས་ཆེ་རུ་བཏང་བ་དང་། ཁེ་ལས་ཀྱིས“སྐམ་སའི་གྲུ་ཁའི་རེ་ཞུ་དང་། ཁོངས་གཏོགས་ཁུལ་གྱི་ཞིབ་བཤེར། འགག་སྒོ་ཐད་སྒྲོལ”བཅས་ཀྱི་རྣམ་པར་བརྟེན་ནས་འགག་སྒོ་སྒྲོལ་བར་ཁྲིད་སྟོན་བྱས་ཏེ། གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཁྱབ་འགྱེད་ནུས་པ་འདོན་པ། “བཤེར་རྟགས་བཤེར་འཕྲལ་ཤར་གཏོང”གི་འབྲེལ་མཐུད་ཀྱི་བརྒྱུད་རིམ་ཧྲིལ་པོའི་གྲངས་གཞིར་བརྟེན་པ་དང་ཚན་རྩལ་བྱེད་ཐབས་ཀྱིས་གནད་སྨིན་ལྟ་འདོམས་དང་ནུས་ཆེའི་ཞབས་འདེགས་ལ་མཐུན་རྐྱེན་སྦྱར་ནས། འགག་སྒོ་སྤུས་འབྲས་ལེགས་གཉེར་ཡོང་བར་སྔར་བས་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།