“སྟབས་བདེའི་ལམ”ནས“བདེ་ལམ”བར་གྱི་འགྱུར་ལྡོག
ཁྱིམ་དུ་ལོག་པའི་འགྲོ་ལམ་བདེ། ནང་མི་ལྷན་འཛོམས་དགོད་སྒྲ་སྙན།
དབྱར་དུས་ཀྱི་སྟེང་ཆེན་ལ་ཆར་པ་འབབ་མགྱོགས་ལ་ཆར་ཐག་ཀྱང་ཆོད་མགྱོགས་པོ་ཡོད།
ཐོལ་ཆར་བབས་རྗེས། ཉི་འོད་སྤྲིན་འོག་ནས་ཞེ་གཞུང་ཤང་ཞེ་སྟོད་གྲོང་ཚོའི་སྣུམ་ནག་ལམ་ལ་འཕྲོས་ཏེ་་སྣུམ་ཐིང་ངེར་གྱུར། ལམ་འགྲམ་ནི་སྔོ་ཐིང་ཐིང་གི་འབྲོག་ཁུལ་གྱི་ནེའུ་གསིང་དང་མི་རིང་བའི་སར་རིམ་པ་སྟར་ཆགས་ཀྱི་ཞིང་ཁྱིམ་ཡིན་པས་མཛེས་ལྗོངས་ལྟ་བས་མི་ངོམས་པ་ཞིག་ཡོད།
གསར་འགོད་པ་ཞེ་སྟོད་གྲོང་ཚོར་སྐྱོད་སྐབས། ལོ་70ལ་སླེབས་པའི་ཚེ་དབང་རིག་འཛིན་རང་ཁྱིམ་གྱི་སྒོ་ཁའི་སྣུམ་ནག་ལམ་ཟུར་དུ་བསྡད་དེ་ཆར་པ་བབས་རྗེས་ཀྱི་རི་ཀླུང་ལ་རྒྱང་ལྟ་བྱེད་བཞིན་འདུག
“ད་ལོའི་བོད་ཀྱི་ལོ་གསར་སྐབས། ཕྲུ་གུ་ཚོས་རླངས་འཁོར་བཏང་སྟེ་ལམ་འདི་བརྒྱུད་ནས་ལོག་སླེབས་བྱུང”ཞེས་བགྲེས་སོང་གིས་མྱོང་ཚོར་ཟབ་མོས་བཤད།
ཚེ་དབང་རིག་འཛིན་ལོ་ན་གཞོན་དུས་གྲོང་ཚོའི་ཡུལ་མི་དང་མཉམ་དུ་རྫོང་གྲོང་དུ་འཚོ་བའི་དངོས་ཟོག་ཉོ་བར་སྐྱོད་སྐབས་རྟ་བཞོན་ནས་ལ་བརྒྱབ་དགོས་པ་དང་། ཕར་ཚུར་ལ་ཉིན་གཉིས་ཏག་ཏག་འགོར་གྱི་ཡོད། ཕྱིས་སུ་བྱེ་རྡོའི་ལམ་བཟོས་རྗེས་གཞི་ནས་རླངས་འཁོར་གྲོང་ཚོ་ཨུ་ལྷན་ཡོད་སར་སླེབས་ཐུབ་ཀྱི་ཡོད། “འོན་ཀྱང་ངའི་ཚ་བོ་རྫོང་གྲོང་དུ་སློབ་གྲྭར་སྐྱོད་སྐབས། གནམ་གཤིས་ཡག་ཉེས་ལ་ལྟ་དགོས་པ་མ་ཟད། རླངས་འཁོར་ལ་བསྡད་ན་མ་གཏོགས་སྦག་སྦག་དང་འཁོར་གསུམ་རྐང་འཁོར་གཏན་ནས་སྡོད་ཀྱི་མེད་པས་རྙོག་དྲ་ཚ་པོ་འདུག”ཅེས་བཤད།
དེ་བས་ཐབས་ཟད་འུ་ཐུག་ཏུ་གྱུར་པ་ཞིག་ནི། གྲོང་ཚོ་ཡོངས་སུ་དུད་ཚང་149དང་མང་ཚོགས་1000ལྷག་ཙམ་ཡོད་པ་ཕལ་མོ་ཆེར་སྒེར་འཁོར་ཡོད་ནའང་། རང་ཁྱིམ་དུ་བསྐྱོད་སའི་ལམ་ཀྱག་གེ་ཀྱོག་གེ་དང་སྡོད་ས་ཁ་ཐོར་ཡིན་པས་སྟབས་བདེ་པོ་མེད་སྟབས། ཚང་མས་རླངས་འཁོར་གྲོང་ཚོ་ཨུ་ལྷན་གྱི་འགྲམ་དུ་མ་བཞག་ཐབས་མེད་རེད། ཁྱིམ་དང་བར་ཐག་སྤྱི་ལེ་ཁ་ཤས་ཀྱི་རི་ལམ་ལ་རྟ་བཞོན་པའམ་ཡང་ན་རྐང་ཐང་མར་འགྲོ་དགོས་ཀྱི་ཡོད།
གྲོང་ཚོ་ཨུ་ལྷན་ཚང་མའི་རླངས་འཁོར་འཇོག་སར་གྱུར་པ་དང་། རླངས་འཁོར་ཉོས་ཀྱང་རང་ཁྱིམ་གྱི་སྒོ་ཁར་གཏོང་མི་ཐུབ་པ་ནི་ཞེ་སྟོད་གྲོང་ཚོའི་དཀའ་གནད་ཅིག་ཏུ་གྱུར་ཡོད།
2025ལོའི་ཟླ་གསུམ་པར་མ་དངུལ་སྒོར་དུང་ཕྱུར་1.04བཏང་བའི་ཞེ་སྟོད་གྲོང་ཚོའི་གྲོང་གསེབ་གཞུང་ལམ་དངོས་སུ་སྐྲུན་འགོ་ཚུགས་ཤིང་། གྲོང་ཚོ་ཨུ་ལྷན་ནས་རྒྱལ་ལམ་317བར་སྣུམ་ནག་ལམ་སྤྱི་ལེ་18བཏིང་བའི་ཐོག་ད་དུང་སྣུམ་ནག་ལམ་སྤྱི་ལེ་13ཐོལ་པ་བཏིང་ནས་གྲོང་ཚོའི་མང་ཚོགས་མང་ཆེ་བའི་སྒོ་རྩ་བར་སྣུར་སྲིང་བྱས་་ཡོད།
ད་ལོའི་ཞེ་སྟོད་གྲོང་ཚོའི་བོད་ཀྱི་ལོ་གསར་དེ་སྔོན་མ་ལས་འཁྲུག་ཆ་དོད་པ་ཞིག་བཏང་ཞིང་། ལོ་མང་ཕྱིར་གླ་པ་རྒྱུག་མཁན་ན་གཞོན་མང་པོ་ཞིག་གིས་ཁྱིམ་གྱི་སྒོ་རྩར་སྣུམ་ནག་ལམ་བཏིང་བ་གོ་རྗེས་ཆེད་མངགས་རླངས་འཁོར་བཏང་ནས་ལོ་གསར་གཏོང་བར་ཡོང་བ་དང་། ཕ་ཡུལ་དུ་ལོག་མཁན་ཡང་དེ་སྔ་ལས་བཅུ་ཆ་གསུམ་ཙམ་མང་དུ་ཕྱིན་ཡོད། ཚེ་དབང་རིག་འཛིན་ཁྱིམ་གྱི་ཕྲུ་གུ་ཚོས་རང་རང་སོ་སོའི་ནང་མི་ཁྲིད་ནས་ཁྱིམ་དུ་ལོག་སྟེ་ནང་མི་མཉམ་འཛོམས་བྱུང་ཡོད།
“སྔོན་ཆད་དུས་ཚོད་རིང་པོར་འགྲོ་དགོས་པའི་རི་ལམ་ཀྱག་ཀྱོག་དེ་ད་ཆ་སྣུམ་ནག་ལམ་ལ་གྱུར་པས་འཁྱུག་ཙམ་ལ་སླེབས་ཀྱི་འདུག”ཅེས་ཚང་མས་བཤད། “སྟབས་བདེའི་ལམ”ནས“བདེ་ལམ”བར་འགྱུར་ལྡོག་བྱུང་སྟེ་སྣུམ་ནག་ལམ་ས་མཐོའི་གྲོག་རོང་མང་པོ་བརྒལ་ཏེ་གྲོང་སྡེ་དང་རྫོང་གྲོང་སྦྲེལ་བ་མ་ཟད། སྲིད་གཞུང་དང་དམངས་སེམས་ཀྱང་སྦྲེལ་ཡོད།
སྟེང་ཆེན་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཚུལ་ཁྲིམས་ཀྱིས། 2025ལོའི་ལོ་མཇུག་བར་རྫོང་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱིའི་ལམ་ཐག་སྤྱི་ལེ་2197ཟིན་པ་དང་། རྒྱལ་ལམ་དང་། ཞིང་ཆེན་ལམ། རྫོང་དང་ཤང་གི་གཞུང་ལམ་དེ་དག་གྲོང་ཚོའི་གཞུང་ལམ་དང་འབྲེལ་ནས་སྡོམ་གྱི་དྲ་བ་ལྟ་བུ་ཞིག་ཆགས་ཏེ། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་13ཚང་མར་ཤར་གཏོང་ཐུབ་པ་དང་། སྲིད་འཛིན་གྲོང་ཚོ(གྲོང་ལྷན)68ཚང་མར་ཤར་གཏོང་ཐུབ་པའི་ནང་གྲོང་ཚོ་63ལ་ཨར་འདམ་ལམ་བཏིང་བ་དང་དེ་བྱིངས་ཀྱི་གྲོང་ཚོ་ལྔ་ནས་གྲོང་ཚོ་2ལ་ད་ལོར་བཏིང་ཚར་རྒྱུ་དང་། གཞན་3རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་བཅུག་ཡོད། སླད་ཕྱིན་ལོ་ལྔའི་རིང་། སྟེང་ཆེན་རྫོང་གིས་སྲིད་འཛིན་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
ད་ཆའི་སྟེང་ཆེན་དུ་གཞུང་ལམ་སྤྱི་ལེ་རེ་རེ་སྣུར་སྲིང་དང་ལམ་དྲ་རིམ་སྤོར་རེ་རེ་བྱས་ནས་ས་མཐོའི་གྲོང་གསེབ་དར་རྒྱས་ལ་ལམ་གཞི་བརྟན་པོ་ཞིག་འདིང་བཞིན་ཡོད་ལ། དེ་སྔ་རི་བོས་བཀག་ནས་ཕྱིར་འགྲོ་མི་ཐུབ་པའི་གྲོང་སྡེ་དང་། འཆིང་རྒྱས་བཅིངས་ནས་འགྲུབ་མི་ཐུབ་པའི་ཕུགས་འདུན་དག་ཀྱང་གཞུང་ལམ་བཟོས་པ་དང་བསྟུན་ཏེ་རིམ་པས་མངོན་འགྱུར་ཐུབ་བཞིན་ཡོད།
ཁྱིམ་དུ་ལོག་པའི་ལམ་ཐག་ཇེ་ཐུང་དུ་འགྲོ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།