“འཕེལ་རྒྱས་རྣམ་པའི་གཙོ་འཛིན་དང་ངེས་ཤུགས་ལྡན་པའི་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་པ”
“ཀྲུའུ་ཞི་ཞི་ཅིན་ཕིང་ནི་འཕེལ་རྒྱས་རྣམ་པའི་གཙོ་འཛིན་དང་ངེས་ཤུགས་ལྡན་པའི་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་པ་ཞིག་རེད”ཅེས་ཐེ་ལན་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཇུས་འདོན་ཚོགས་པའི་ཀྲུའུ་རེན་དང་ཐེ་ཀྲུང“རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝེ་ལུན·ཕི་ཁྲ་དབུང་ཕ་ཏིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
ན་ནིང་ཟླ་11པར་2025ལོའི་འཛམ་གླིང་གི་རྒྱ་ཡིག་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཝེ་ལུན་དང་གདན་ཞུས་ལྟར་ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་མང་པོའི་རྒྱ་རིག་པ་མཁས་ཅན་གཞོན་ནུས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་པ་རེད། ཝེ་ལུན་གྱིས“འཕྲིན་ཡིག་ནང་ང་ཚོས་རང་ངོས་ཀྱི་རིག་གཞུང་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་ཀྲུང་གོའི་ལམ་ལུགས་ཀྱི་གཏན་ཚིགས་དང་། འཕེལ་རྒྱས་ཀྱི་ཉམས་མྱོང་། རིག་གནས་ཀྱི་ནང་དོན་བཅས་ལ་གོ་བ་ལེན་ཚུལ་བྲིས་ཡོད”ཅེས་བརྗོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང“རྒྱ་རིག་པ་ནི་ཀྲུང་གོ་ནས་བྱུང་བ་དང་འཛམ་གླིང་ལ་གཏོགས་པས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་བསམ་པའི་རྒྱུ་ནོར་ཞིག་རེད”ཅེས་བསྟན་གནང་བ་དང་འབྲེལ་ཁོང་ཚོར“འཛམ་གླིང་ལ་དངོས་ཡོད་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་ངོ་སྤྲོད་བྱས་ནས་ཀྲུང་ཕྱིའི་ཤེས་དཔལ་མཉམ་འདྲེས་ཀྱི་ཕོ་ཉ་ཡག་པོ་ཞིག་བྱེད་དགོས་པའི”སྐུལ་ལྕག་གནང་ཡོད།
ཝེ་ལུན་གྱིས“འཕྲིན་ལན་འབྱོར་རྗེས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང” “ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་རྒྱ་ཡིག་སློབ་གསོར་ཚད་མཐོའི་མཐོང་ཆེན་གནང་བ་དང་འཕྲིན་ལན་ནང་རང་རྒྱལ་གྱི་རྒྱ་རིག་པའི་ཞིབ་འཇུག་གི་ཁ་ཕྱོགས་སྔར་བས་ཁ་གསལ་བཟོས་པ་སྟེ། ཡིག་སྒྱུར་དང་རིགས་ལམ་གསལ་འགྲེལ་བྱེད་པ་བརྒྱུད་ཀྲུང་གོའི་འཕེལ་རྒྱས་ཀྱི་ལག་ལེན་གསལ་པོ་གསུངས་ནས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་བརྗོད།
ཝེ་ལུན་ནི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པའི་ཐེ་ལན་ཡི་གེའི་དཔར་མ་སྒྱུར་མཁན་གཙོ་བོ་རེད། ཁོང་གི་ངོས་ནས་བརྗོད་ན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་གཙོ་བོ་དང་ཚན་རིག་དང་མཐུན་པའི་མ་ལག་གཅིག་སྡུད་ཐོག་མཚོན་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་གྱི་གྲུབ་འབྲས་དང་འཛམ་གླིང་གི་དོན་སྙིང་དེ་བས་ཤེས་རྟོགས་གཏིང་ཟབ་ཐུབ་རྒྱུར་ཕན་ཐོགས་ཡོད། ཝེ་ལུན་གྱིས་ངས་ཡིག་སྒྱུར་བྱེད་རིང“སྐད་ཡིག་བརྗེ་སྒྱུར”ནས“བསམ་བློའི་འཕོ་འགྱུར”བར་གྱི་འགྱུར་ལྡོག་བརྒྱུད་ཡོད། “དེབ་འདིའི་ནང་གི་དགོངས་དོན་ཟབ་མོ་ནི་གཙོ་གནད་ཡིན”ཞེས་བརྗོད་པ་དང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ནི་ཁེར་རྐྱང་གི་ཐ་སྙད་དམ་ཡང་ན་སྟབས་བདེའི་སྲིད་ཇུས་གླེང་བ་ཙམ་མིན་པར་དེ་ནི་ཀྲུང་གོའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་། ཆབ་སྲིད་ཀྱི་གཏན་ཚིགས། བཅོས་སྐྱོང་གི་ལག་ལེན་དང་རིག་གནས་ཀྱི་སྲོལ་རྒྱུན་བཅས་ནས་རྩ་བ་བཙུགས་པ་ཞིག་རེད། གལ་ཏེ་ཡིག་ཐོག་ཁོ་ན་ནས་གོ་བ་བླངས་ཚེ་ཀློག་པ་པོས་དེའི་ནང་དོན་ལ་གོ་བ་ལེན་ཁག་པོ་ཡོད་ཅེས་བརྗོད།
ཝེ་ལུན་གྱིས་དེ་སྔ་ཀྲུང་གོར་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་མང་བྱས་པ་བརྒྱུད་ཉམས་མྱོང་དེ་དག་ལས་ཁོང་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་ནང་གི་འདུ་ཤེས་ལ་ངོས་འཛིན་དེ་བས་ཟབ་ཏུ་ཕྱིན་ཡོད།
ཡུན་ནན་ཡོན་དབྱང་ཨ་ཀྲེ་ཁོ་གྲོང་ཚོར་བཅར་འདྲི་བྱེད་སྐབས་ཝེ་ལུན་གྱིས་ས་གནས་དེ་གས་འཛམ་གླིང་རིག་གནས་ཤུལ་བཞག་ཧ་ཉི་སྐས་ཞིང་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་བ་དང“ནང་སྐྱེས་སྒུལ་ཤུགས”ཀྱི་འཕེལ་རྒྱས་བརྒྱུད་རིག་གནས་སྲུང་སྐྱོང་དང་དཔལ་འབྱོར་འཕར་བར་མཉམ་དུ་སྐུལ་འདེད་བཏང་བས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་འཕར་བ་དང་གྲོང་མིའི་ཡོང་འབབ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པར་དོ་སྣང་བྱུང་བ་རེད། ཝེ་ལུན་གྱིས་བརྗོད་དོན།“འཕེལ་རྒྱས་ལ་བསྡུར་ཞིབ་བྱེད་པའི་ཚད་གཞི་ནི་དཔལ་འབྱོར་བསྡོམས་འབོར་ཙམ་མ་ཟད། དེ་བས་སློབ་གསོ་དང་། སྨན་བཅོས། རྨང་གཞིའི་སྒྲིག་བཀོད། ལས་ཞུགས་གོ་སྐབས་སོགས་དམངས་འཚོའི་ཁྱབ་ཁོངས་ལེགས་སུ་གཏོང་བའི་ཚད་གཞིར་ཐུག་ཡོད” དེས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ལ་དཔྱད་གཞིར་འཛིན་པའི་དོན་སྙིང་ལྡན་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པའི་ཐོག་ཀྲུང་གོས་བཏོན་པའི“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ”འཛུགས་རྒྱུའི་གྲོས་ཆོད་ལ་གྲོས་འཆམ་མགྲིན་གཅིག་ཏུ་བྱས་ནས་ཟླ་6ཚེས་10ཉིན་ནི“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོར”གཏན་འཁེལ་བྱས་པ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་མཉམ་འབྲེལ་རྒྱལ་ཚོགས་སུ་དོན་འཁྱོལ་ཐུབ་པ་དང་རྩ་བ་ཚུགས་པ་མཚོན་ཡོད། ཝེ་ལུན་གྱིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོས་རྒྱལ་ཁབ་ཁག་ལ་དེ་བས་བསྟུན་མཁས་ཀྱི་མཉམ་ལས་སྒྲོམ་གཞི་མཁོ་འདོན་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མཐོང་རྒྱ་དེ་ལམ་ལུགས་དང་ཁེ་ཕན་གྱི་རིམ་ངོས་ནས་ཤེས་དཔལ་དང་རིན་ཐང་གི་རིམ་ངོས་སུ་རྒྱ་སྐྱེད་བཏང་སྟེ་མིའི་རིགས་ཀྱི་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནུས་པར་དེ་བས་མཐོང་ཆེན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།