ལོ་སྟོད་དུ་ཁུག་ཆེན་ཁུལ་གྱི་ནང་སའི་གྲོང་ཁྱེར་9ཡི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་20.9%འཕར་བ།
ཟླ་6པར་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ།
ད་ལོའི་ལོ་སྟོད་རིང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ནང་སའི་གྲོང་ཁྱེར་9ཡི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་5.3ཟིན་པ་དེ་དུས་མཚུངས་ལས་20.9%འཕར་ནས། རྒྱལ་ཡོངས་སྤྱི་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་4ཡིས་མགྱོགས་པ་ཡོད་པ་དེས་རྒྱལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་20.8%བཟུང་སྟེ། དུས་མཚུངས་སུ་རྒྱལ་ཡོངས་ཀྱི་འཕར་ཚད་ལ་ལེགས་སྐྱེས་འབུལ་ཚད་24.9%ཟིན་ཡོད། དེའི་ནང་ཟླ་6པར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་31.1%འཕར་བ་དང་། ཟླ་བ་གཅིག་ཁོ་ནར་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ནས་སྒོར་དུང་ཕྱུར་ཁྲི་1.02ཟིན་ཡོད་པ་རེད།
དམངས་གཉེར་ཁེ་ལས་ཀྱི་གསོན་ཤུགས་ལྡབ་བརྒྱ་འཕེལ་ཞིང་། ལོ་སྟོད་དུ་ཁུག་ཆེན་ཁུལ་གྱི་ནང་སའི་གྲོང་ཁྱེར་9ཡི་དམངས་གཉེར་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་3.57ཟིན་པ་དེ་དུས་མཚུངས་ལས་27.1%འཕར་ནས་དེའི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.2ནས་67.5%བར་འཕར་ཏེ། དེའི་སྤྱི་ཡོངས་ཀྱི་འཕར་ཚད་ལ་ལེགས་སྐྱེས་འབུལ་ཚད་83.1%ཟིན་ཡོད་པ་རེད།
ཕྱིར་གཏོང་ཚོང་ཟོག་གི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། ལོ་སྟོད་དུ་ཁུག་ཆེན་ཁུལ་གྱི་ནང་སའི་གྲོང་ཁྱེར་9ཡི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.23ཟིན་པ་དེ་དུས་མཚུངས་ལས་16%འཕར་བ་དེའི་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་71.7%བཟུང་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.8འཕར་ཡོད་པ་རེད།
ནང་འདྲེན་བྱེད་ཚད་མགྱོགས་མྱུར་འཕར་ཞིང་། ལོ་སྟོད་རིང་ཁུག་ཆེན་ཁུལ་གྱི་ནང་སའི་གྲོང་ཁྱེར་9ཡི་ནང་འདྲེན་དུས་མཚུངས་ལས་འཕར་ཚད་ཕྱིར་གཏོང་གི་བརྒྱ་ཆའི་གྲངས་26ལས་མགྱོགས་པ་ཡོད་པས་ཕྱིར་གཏོང་ནང་འདྲེན་དོ་སྙོམས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། འཕྲུལ་གློག་ཐོན་རྫས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.55ཟིན་ནས་དུས་མཚུངས་ལས་34.4%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།