ཉིང་ཞ་ཡིས་དེང་རབས་ཀྱི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཧུར་ཐག་བཏང་བ།
དབྱར་གཞུང་དུ། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་ཤིང་ཆིང་ཆུས་ཐུང་ཀུའེ་ཤང་ཐུང་ཀུའེ་གྲོང་ཚོའི་མུའུ་20ལྷག་ཙམ་གྱི་སྡིག་སྲིན་གསོ་ཚགས་རྫིང་བུ་ནས་རླབས་རིས་ཤིག་ཤིག་ཏུ་འཕྲོ་ཞིང་། ཡུལ་མི་ལིའུ་ཡོན་ཀུའེ་ཡིས་རྫིང་བུ་ནས་བཟུང་མ་ཐག་པའི་སྡིག་སྲིན་ཞིག་རྒྱ་མར་འགྱོག་བཞིན“མངགས་ཐོ་མང་པོ་ཡོད་པས། ཉིན་10ཡི་རྗེས་ཀྱི་མངགས་ཐོའང་ཁེངས་ཟིན”ཞེས་བརྗོད། 2025ལོའི་ཧྲང་ཧའེ་རྒྱལ་སྤྱིའི་སྡིག་སྲིན་ཐོན་ལས་འགྲེམས་ཚོགས་ཐོག་ས་གནས་དེ་གའི་སྡིག་སྲིན་ཆེ་གྲས་ལ་བྱ་དགའ་ཁག་4ཐོབ་ཅིང་། ད་ཆ་འདོན་ཚད་ལས་མཁོ་ཚད་ཆེ་བ་ཡོད་པ་རེད།
ས་རྒོད་བ་ཚྭ་ཅན་མུའུ་ཁྲི་7.5ཙམ་ཡོད་པའི་ཉིང་ཞ་ཡིས“ཉ་ལས་ལ་བརྟེན་ནས་བ་ཚྭ་སྒྱུར་བ་དང་ཉ་ལས་ལ་བརྟེན་ནས་ཆུ་རྩ་གསོ་འཁྱོངས”བྱས་པས། ཀུའེ་ཉ་དང་། ཨ་མེ་རི་ཁ་གླིང་ལྷོ་མའི་ཞ་སྨི་དཀར་པོ། ཉ་སལ་མོན་སོགས་ཆུའི་ཐོན་རྫས་མང་དག་ཅིག་ས་གནས་དེ་རུ་གསོ་ཚགས་ཐུབ་པ་དང་། མིག་སྔར། ཉིང་ཞ་ཡི་ཆུ་ཐོན་གསོ་ཚགས་རྒྱ་ཁྱོན་མུའུ་ཁྲི་50ཙམ་ཟིན་གྱི་ཡོད་པ་རེད།
2020ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས“དེང་རབས་ཀྱི་ཁྱད་ལྡན་ཞིང་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཞིང་པའི་བྱེད་པོའི་གནས་བབ་འབུར་དུ་ཐོན་པར་བྱས་ནས། ཞིང་པའི་ཁེ་ཕན་ཨང་དང་པོར་འཇོག་དགོས”ཞེས་ནན་བཤད་གནང་བ་དང་། 2024ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས“ཉིང་ཞ་ཡི་ས་ཁམས་ཁོར་ཡུག་དང་ཐོན་ཁུངས་ཀྱི་ལེགས་ཆ་དམིགས་བསལ་ལྡན་པས། ཁྱད་ལྡན་ཅན་དང་ཁྱད་པར་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས”ཞེས་གསུངས་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉིང་ཞ་ཡིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཐོག ཁྱད་ལྡན་ཅན་དང་ཁྱད་པར་ཅན་མཐའ་འཁྱོངས་ཀྱིས་དེང་རབས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ། སྤུས་ཚད་ལེགས་སུ་དང་། ཕན་འབྲས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་དེ་བས་མགྱོགས་སུ་བཏང་བ་རེད།
ལག་རྩལ་གྱིས་ཞིང་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་མཐུན་རྐྱེན་སྦྱར་བ།
གཙང་འཁྲུད་དང་། འཕུར་མཉེད། དུག་སེལ། འོ་མ་འཇོ་བ་སོགས་ཧྲི་ཙུའེ་ཧྲན་གྲོང་ཁྱེར་ཕིང་ལུའོ་རྫོང་ཧྲང་པ་ཆིན་གྲོང་ཚོའི་རིག་ནུས་ཅན་གྱི་འབྲོག་ར་ཞིག་ཏུ། བཞོན་མ་ཁྲ་ཁྲ་མང་པོ་འཕྲུལ་ཆས་ཀྱི་མཐའ་འཁོར་དུ་བཏགས་ཡོད་པ་དང་། འཕྲུལ་ལག་གིས་གོ་རིམ་ལྡན་པའི་ངང་གོང་གསལ་གྱི་ལས་རིམ་ལེགས་སྒྲུབ་བྱེད་བཞིན་མཆིས། “འོ་མ་རང་འགུལ་ངང་འཇོ་བའི་གྲངས་གཞི་ཅན་གྱི་སྒྲིག་ཆས་སྤྱད་རྗེས། འོ་མའི་ཐོན་འབབ་15%མང་དུ་ཕྱིན་སོང”ཞེས་འབྲོག་རའི་འགན་འཁུར་བ་དབྱང་ཡུས་ལུང་གིས་བརྗོད། 5Gརིག་ནུས་མ་ལག་བརྒྱུད་འོ་མ་སོས་པའི་ཐོན་འབབ་ཉིན་རེར་ཏུན་50ཙམ་ཟིན་པའི་འབྲོག་ར་དེར་ཉིན་ལྟར་བདག་སྐྱོང་བྱེད་མཁན་མི་5ལས་དགོས་ཀྱི་མེད།
དབྱིན་ཁྲོན་གྲོང་ཁྱེར་ཡུང་ཉིང་རྫོང་མིན་ཉིང་གྲོང་རྡལ་གྱི་དབུལ་སྐྱོར་ཐོན་ལས་གླིང་དུ་སྐྱོད་སྐབས། ས་ཁྱོན་མུའུ་70ལྷག་ཙམ་བཟུང་བའི་རིག་ནུས་དྲོད་ཁང་ནང་། དྲོད་ཚད་དང་། གཤེར་ཚད། འོད་འཕྲོ་སོགས་ཚང་མ་རྩིས་འཁོར་གྱིས་རང་འགུལ་ཚོད་འཛིན་བྱེད་བཞིན་ཡོད་ཅིང་། ས་མེད་འདེབས་ལས་དང་། ཆུ་ལུད་འཁོར་རྒྱུག ཞིང་འོད་གསབ་རེས་སོགས་ལག་རྩལ་གྱི་རྒྱབ་སྐྱོར་འོག ན་ནིང་སྨི་ངོས་གྲུ་རེ་རེ་ནས་ཀྲོ་མ་ཀྲུ་ཐོན་འབབ་སྤྱི་རྒྱ་60ལྷག་ཙམ་ཟིན་ཡོད་པ་རེད།
ཉིང་ཞ་ཡི་དེང་རབས་ཁྱད་ལྡན་ཞིང་ལས་དེ་རིམ་བཞིན་རིག་ལྡན་ཞིང་ལས་དང་ཞིང་ལས་བཟོ་གྲྭ་སོགས་ཀྱི་ལས་རྣམ་ཕྱོགས་སུ་སྒྱུར་བཞིན་ཡོད་ཅིང་། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་གཅིག་རྗེས་གཉིས་མཐུད་ངང་ཐོན་པས། ཁྱད་ལྡན་ཞིང་ལས་རྒྱུན་མཐུད་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ཐུབ་ཡོད་པ་རེད།
ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་སྤུས་རྟགས་བཏོད་པ།
“ལག་ཐོགས་ཁ་པར་ནས་ཁུངས་འདེད་རྟགས་བཤེར་བྱས་ན་འབྲོག་ར་གང་ནས་ཐོན་པ་ཤེས་ཀྱི་རེད” ཝུའུ་ཀྲུང་གྲོང་ཁྱེར་ཡན་ཁྲི་རྫོང་ཧྭ་མཱ་ཁྲི་གྲོང་རྡལ་གྱི་རིག་ནུས་འབྲོག་རར། ཐན་དབྱང་ལུག་རྒྱུད་བརྒྱ་ཕྲག་ཁ་ཤས་ཀྱི་རྣ་བར་གློག་རྡུལ་རྣ་ཆ་བཏགས་ཡོད་པ་རེད། “འདི་‘ཐོབ་ཐང་ལག་ཁྱེར’རེད། དེའི་ཐོག་ཏུ་ཁུངས་འདེད་རྟགས་རིས་ཡོད” ཅེས་ཞིང་དུད་ཆིའུ་ཤིང་ཚའེ་ཡིས་བརྗོད་པ་དང་། ཁོང་གིས། ལུག་ཤའི་ཐུམ་སྒྲིལ་ཐོག་ཏུའང་ཁུངས་འདེད་རྟགས་རིས་ཡོད་པས། སྤུས་ཚད་ལ་འགན་སྲུང་གང་ལེགས་བྱེད་ཐུབ་ཅེས་བརྗོད།
བ་གླང་དང་ཐན་དབྱང་ལུག་རྒྱུད་སོགས་བཤའ་རྒྱུ་གསོ་ཚགས་དང་། འདྲེ་ཚེར་མ་སོགས་ཀྱི་ཐོན་ལས་ལ་དམིགས་ཏེ། ཉིང་ཞ་ཡིས་ཐོན་ཡུལ་དང་ལས་སྣོན་སོགས་འགག་རྩའི་ལྷུ་ཚིགས་ནས་འགོ་བཙུགས་ཏེ། ས་གནས་ཀྱི་ཚད་གཞི་དང་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་ཚོགས་པའི་ཚད་གཞི་ཁག་མང་པོ་བཟོས་ནས་བཀྲམ་སྟེ། ཁྱད་ལྡན་ཞིང་ལས་སྤུས་རྟགས་བཏོད་པ་རེད།
“དེ་སྔོན་ཐེར་གེ་བཏང་ནས་འདྲེ་ཚེར་མ་འཚོང་སྐབས་གོང་ཆེན་པོ་རག་གི་མི་འདུག ད་ཆ་རྫོང་གིས་ཚད་ལྡན་ཅན་གྱི་འདེབས་འཛུགས་དང་ཐོན་སྐྱེད་ལ་སྐུལ་འདེད་བཏང་བས། འདྲེ་ཚེར་མའི་སྤུས་རྟགས་སྐད་གྲགས་ཆོད་སོང”ཞེས་ཀྲུང་ཝེ་གྲོང་ཁྱེར་ཀྲུང་ཉིང་རྫོང་ཀྲོའུ་ཐཱ་ཤང་གི་འདྲེ་ཚེར་མ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཐན་ཡིའུ་ཅུས་ཀྱིས་བརྗོད་པ་དང་། ཁོང་གིས་འདྲེ་ཚེར་མ་ལོ་20ལྷག་ཙམ་བཏབ་པ་དང་ད་ཆ་ས་གནས་དེ་གའི་འདྲེ་ཚེར་མར་ཁྲོམ་རའི་དགའ་བསུ་ཐོབ་པས་ཚོང་ལམ་ལ་སེམས་ཁྲལ་རྩ་བ་ནས་བྱེད་དགོས་ཀྱི་མེད་པ་རེད།
རྨ་ཆུའི་ངོགས་གཉིས་སུ་ཀྲུང་ཉིང་འདྲེ་ཚེར་མའི་འདེབས་ཁྱོན་མུའུ་ཁྲི་10ལྷག་ཟིན་པ་དང་། ལིའུ་ཕན་ཧྲན་རི་གཤམ་གྱི་བ་གླང་ཤ་གྲོང་ཁྱེར་ཆེ་གྲས་ཁག་ཏུ་བྲིན་ཁ་རྒྱུག་པ་སོགས་ཉིང་ཞ་ཡིས་ཁྱོན་ཁྱད་ལྡན་ཞིང་ལས་སྤུས་རྟགས་647སྐྱེད་སྲིང་བྱས་ནས། འབྲེལ་ཡོད་ཞིང་ལས་ཐོན་རྫས་ཀྱི་ལོའི་འཚོང་འབོར་སྒོར་དུང་ཕྱུར་700ལྷག་ཟིན་ཏེ་ཞིང་ལས་ཐོན་རྫས་ཕྱིར་ཚོང་བསྡོམས་འབོར་གྱི་བཅུ་ཆ་བདུན་བཟུང་ཡོད།
ཞིང་འབྲེལ་ཞིང་ཁྲིད་བྱས་ཏེ་རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་བཏང་བ།
“དེ་སྔོན་ཁྱིམ་ཚང་སྒེར་གྱིས་སྔོ་ཚལ་འདེབས་ཀྱི་ཡོད་པས་གཞི་ཁྱོན་ཆུང་ལ་ཡོང་འབབ་ཀྱང་དེ་ཙམ་ཡག་པོ་མེད། ད་ཆ་ཚང་མས་མཉམ་འབྲེལ་བྱས་ནས་བཏབ་པས་ཡོང་འབབ་ལྡབ་ཁ་ཤས་འཕར་བྱུང”ཞེས་ལིའུ་ཕན་ཧྲན་རི་གཤམ་གྱི་ཀུའུ་ཡོན་གྲོང་ཁྱེར་ཤིས་ཅི་རྫོང་ཅང་ཐའེ་པའོ་གྲོང་རྡལ་ཧོ་ཅི་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཧོ་ཡན་ཧུང་གིས་ཇིན་ཚལ་རླངས་འཁོར་ནང་བླུགས་པར་ལྟ་བཞིན་བརྗོད།
ཧོ་ཅི་གྲོང་ཚོའི་མཉམ་སྡེབ་ཀྱིས་གཅིག་གྱུར་འཆར་འགོད་དང་དུད་ཚང་དབྱེ་ནས་དོ་དམ་བྱེད་པའི“ཐོན་སྦྲེལ་རྐྱང་སྒྲུབ”བྱེད་སྟངས་སྤྱད་ཐོག་རྨོ་ཞིང་ལ་ཇིན་ཚལ་འདེབས་ཁུལ་དང་། པད་ཚལ་འདེབས་ཁུལ། སུར་པན་འདེབས་ཁུལ་སོགས་སུ་དབྱེ་བ་དང་། སོན་མྱུག་དང་། ལག་རྩལ། ཕྱིར་ཚོང་བཅས་ནི་གྲོང་ཚོའི་མཉམ་སྡེབ་ཀྱིས་བཙུགས་པའི་ཆེད་ལས་མཉམ་ལས་ཁང་གིས་གཅིག་གྱུར་ཐོག་འགན་འཁུར་གྱི་ཡོད། གྲོང་ཚོའི་ས་མཐོའི་དབྱར་ཚལ་འདེབས་ཁྱོན་མུའུ་4200ཟིན་ནས་དུད་ཚང་200ལྷག་ཚང་མས་འདེབས་ཀྱི་ཡོད། ན་ནིང་དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་14དང་གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་300ལྷག་ཟིན་ཡོད་པ་རེད།
“སྤུས་རྟགས་གཏོད་པ་དང་ཁེ་ཕན་འབྲེལ་མཐུད་བྱས་པ་བརྒྱུད་ཆེད་ལས་མཉམ་ལས་ཁང་དང་། སྣེ་འདྲེན་ཁེ་ལས། ཁྱིམ་ཚང་ཞིང་ར་སོགས་གཉེར་སྐྱོང་བྱེད་པོ་གསར་པའི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ནས། ཞིང་དུད་རྣམས་དེང་རབས་ཁྱད་ལྡན་ཞིང་ལས་ནང་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་ཁྲིད་བྱས་ཡོད”ཅེས་ཀུའུ་ཡོན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧྭ་ཀྲི་མིན་གྱིས་བརྗོད།
2025ལོར། ཉིང་ཞ་ཡིས་ཞིང་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.3བཏོན་ནས་གཉེར་སྐྱོང་བྱེད་པོའི་སྒྲིག་བཀོད་རིམ་སྤོར་དང་ལག་རྩལ་གསོ་སྦྱོང་ཐད་སྤྱད་པ་མ་ཟད། ད་དུང་དངུལ་རྩའི་སྒྲིག་གཞི་དང་མཉམ་འབྲེལ་བྱས་ནས་ཕྱོགས་གཏན་འཁེལ་གྱི་ཡིད་རྟོན་དངུལ་བུན་བཏང་སྟེ་རྒྱབ་སྐྱོར་ཡང་བྱས་པ་དང་། མིག་སྔའི་བར། ཉིང་ཞ་ཡིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་6000ཙམ་དང་ཁྱིམ་ཚང་ཞིང་ར་ཁྲི་1.2སྐྱེད་སྲིང་བྱས་ཡོད། ད་ལོའི་ལོ་སྟོད་དུ། ཉིང་ཞ་ཡི་གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7947ཟིན་ནས་དུས་མཚུངས་ལས་7.2%འཕར་ཡོད་པ་དང་ཡོང་འབབ་ཁྲོད་ཀྱི་བཅུ་ཆ་བཞི་ཙམ་ནི་དེང་རབས་ཁྱད་ལྡན་ཞིང་ལས་ནས་བྱུང་བ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོ་ངེས་པར་བྱས་ནས། ཉིང་ཞ་ཡི་ལས་བྱེད་མང་ཚོགས་ཚོས་མུ་མཐུད་འབད་འཐབ་བྱས་པས། དེང་རབས་ཁྱད་ལྡན་ཞིང་ལས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ལ་ཕན་པ་འདོགས་པའི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད” ཉིང་ཞ་ཡིས་ས་ཁམས་ཁོར་ཡུག་དང་ཐོན་ཁུངས་མཐུན་རྐྱེན་གཉིས་འཕེལ་རྒྱས་ཀྱི་ལེགས་ཆར་གང་ལེགས་བསྒྱུར་ནས་ཐོན་ལས་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པར་བྱེད་ཀྱི་ཡིན་ཞེས་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་བརྗོད།
འབྲེལ་ཡོད་གསར་འགྱུར།