འགལ་བ་དང་རྩོད་གཞི་སྣ་ཚོགས་འདི་ནས་བསལ་ཐུབ་པ།
—— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་བཅར་འདྲི་བྱས་པ།
ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནི་གཞི་རིམ་བཅོས་སྐྱོང་གི་འཐབ་ས་མདུན་མ་རེད་ལ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ས་དང་པོའི་ལས་སྟེགས་ཀྱང་རེད།
2025ལོའི་ཟླ་3པར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ཚད་གཞི་མཐོ་པོས་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་གཏོད་ལེགས་སྒྲུབ་ཐོག་མར་བྱས་ནས་སྤྱོད་འགོ་ཚུགས་པ་རེད།
ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་སྣེ་ལེན་ཚོམས་ཆེན་དུ་གསར་འགོད་པས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཚོམས་ཆེན་ནང་སྟབས་བདེ་ཞིང་ཁ་གསལ་བའི་ལས་སྒྲུབ་ཁྲིད་སྟོན་ངོ་རྟགས་དང་། རྒྱལ་སྒོའི་གཡོན་ངོས་ཀྱི་གྱང་ངོས་སུ་བཀལ་བའི་བརྙན་ཤེལ་ཐོག་ངོ་བཅར་ཆ་འཕྲིན་དང་གྱོད་གཞིའི་ཆ་འཕྲིན་དུས་ཐོག་ཏུ་རེས་མོས་ངང་སྟོན་བཞིན་པ་མཐོང་བྱུང་། “གཅིག་འཐུས་རྣམ་པའི་ཞབས་ཞུའི་སྐར་ཁུང”5རུ་ཁྲིམས་ཁང་དང་། ཁྲིམས་འཛིན་ཅུས། མི་སྤྱི་ཅུས་སོགས་རྒྱུན་སྡོད་ཚན་པ་7གྱི་ལས་དོན་པས་འཁྲི་འགན་རང་འཁུར་དང་སེམས་རྩ་འཁོལ་པོས་འགྲོ་ལུགས་གཉེར་མཁན་ལ་སྣེ་ལེན་ཞུས་ཏེ། ལས་སྒྲུབ་མང་ཚོགས་ལ་ལས་སྒོའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་ཏེ་བརྒྱུད་རིམ་བྱང་ཆུབ་པ་མ་ཟད། ལས་ཕྱོད་ཧ་ཅང་ཆེན་པོ་ཡོད།
ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་བདེ་སྐྱིད་སྒྲོལ་མས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་ཁྲིད་སྟོན་བདག་སྤྲོད་ཁུལ་དང་། སྣ་མང་ཅན་གྱི་ཐག་གཅོད་ཁུལ། བཀོད་འདོམས་ཁུལ་བཅས་བྱེད་ནུས་ཁུལ་གསུམ་དུ་ཕྱེ་ཡོད། རྒྱུན་སྡོད་ཚན་པ་7ཕུད་འབྲེལ་ཡོད་ཚན་པ་གཞན་གྱིས་རེས་མོས་བཅའ་སྡོད་དང་སྐབས་འཕྲལ་བཅའ་སྡོད་བྱེད་སྟངས་སྤྱད་དེ་ཆེད་ལས་དྲ་མིག་པ་675བཀོད་སྒྲིག་བྱས་པ་དང་། ཁྲིམས་རྩོད་པ་དང་ཁྲིམས་དཔོན་སོགས་མི་25ལས་གྲུབ་པའི་ཆེད་ལས་སྟོབས་ཤུགས་འདེགས་སྐྱོར་དུ་བྱས་པ། “ལྟེ་གནས་ཀྱིས་བཀའ་གཏོང་བ་དང་སྡེ་ཚན་གྱིས་དེ་མུར་འབྱོར་ཐོ་འགོད་པའི”ཆུ་ཚོད་གཅིག་གི་མཉམ་འགུལ་དང་ལེན་ལམ་སྲོལ་ལག་ལེན་བསྟར་ནས་མང་ཚོགས་ལ་ནུས་ཆེའི་ལས་སྒྲུབ་ཉམས་ལེན་ཐུབ་པར་བྱས་ཡོད་ཅེས་བཤད།
ད་ལོའི་ཟླ་5པའི་ཟླ་མཇུག་བར། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཁྱོན་འགལ་བ་དང་རྩོད་གཞི་སྣ་ཚོགས་1253བདག་སྤྲོད་བྱས་པ་ལས་རྩོད་གཞི་914ཐག་གཅོད་བྱས་ཟིན་ནས་ཐག་གཅོད་བྱེད་ཚད་73%ཟིན་པ་དང་མ་དངུལ་སྒོར་ཁྲི་6672དང་འབྲེལ་བ་ཡོད། རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་ཁྲི་1.3ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ས་ཡུལ་དངོས་ལ་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་ཚད་89%ཟིན་ཡོད་པ་རེད།
ལོ་གཅིག་ལྷག་ཙམ་རིང་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཐོན་ཁུངས་སྟོབས་ཤུགས་སྤྱི་འདོམས་གང་ལེགས་བྱས་ཏེ་གཏུག་བཤེར་ཞབས་ཞུ་དང་། ཞིབ་དཔྱོད་ཞབས་ཞུ། བཅའ་ཁྲིམས་ཞབས་ཞུ། ཡིག་སྐུར་ངོ་བཅར་སྣེ་ལེན་བཅས་བྱེད་ནུས་ཆེན་པོ་བཞི་བསྡུ་སྒྲིལ་བྱས་པ་མ་ཟད། ད་དུང་འགལ་བ་དང་རྩོད་གཞིའི་ཕྱོགས་བསྡུས་འདུམ་འགྲིག་ཁང་དང་། ངལ་རྩོལ་འདུམ་གཅོད་དིང་། སྟབས་བདེའི་གྱོད་གཞི་མྱུར་གཅོད་ཁྲིམས་ར་སོགས་ཁྱད་ལྡན་བྱེད་ནུས་ཁང་ཡང་བཙུགས་པས། “1+N”ཡི་སྣ་མང་རྩོད་གཞི་ཐག་གཅོད་བྱེད་སྟངས་ཆགས་ནས་མང་ཚོགས་ཀྱི་རེ་ཞུ“སྒོ་གཅིག་ལས་འཛུལ་མི་དགོས་པ་དང་། སྡེབ་གཅིག་ལ་བདག་སྤྲོད་བྱེད་པ། གཅིག་འཐུས་རྣམ་པའི་འདུམ་འགྲིག་བྱེད་པ”བཅས་མངོན་འགྱུར་བྱུང་ཡོད་པ་རེད།
ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཕན་འབྲས་ཏན་ཏིག་དང་གཞི་རིམ་བཅོས་སྐྱོང་གི་གྲུབ་འབྲས་མངོན་གསལ་དོད་པོར་བརྟེན་ནས་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་གཏོད་ཀྱི་ཚད་ཤིང་དུ་གྱུར་ནས། འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ལམ་ལུགས་དང་། གཡུལ་ས། དཔུང་ཁག བློ་གྲོས་བཅས་ཟུང་དུ་འབྲེལ་བའི་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་བཏོད་དེ། སྔ་རྗེས་སུ་ལྗོངས་ཕྱི་ནང་གི་རྫོང(ཆུས)40ལྷག་ཙམ་གྱི་རྟོག་ཞིབ་དང་སློབ་སྦྱོང་བྱེད་མཁན་ལ་སྣེ་ལེན་ཞུས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚད་ལྡན་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ“ཁྲེང་ཀོན་ལག་ལེན”ནས“ལྗོངས་ཡོངས་ཀྱི་མཉམ་སྤྱོད”བར་རིམ་བཞིན་འགྱུར་བཞིན་ཡོད་པ་རེད།
ད་ཆ་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་གྲངས་འཛིན་ཅན་གྱི་སྒྱུར་བཅོས་སྒུལ་ཤུགས་སུ་བྱས་ནས་ཁྲིམས་ཁང་གི་འདུམ་འགྲིག་ལས་སྟེགས་དང་བོད་ལྗོངས་ཡོངས་བསྒྲགས་འདུམ་གཅོད་སོགས་ཀྱི་མ་ལག་ནང་འདྲེན་བྱས་ཏེ་འགལ་བ་དང་རྩོད་གཞི“དྲ་ཐོག་རེ་ཞུ་དང་། རྒྱང་ཁྲིད་འདུམ་འགྲིག དྲ་ཐོག་ནས་སྐྱེལ་སྤྲོད”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་སྒྲུབ་གཉེར་ཐུབ་ཀྱི་ཡོད། “ཧྭ་ཝུའེ་སྤྲིན་རྩིས་APP”དང“ཀུན་མཐོང་ལས་གཞི”སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་རྒྱུན་གཏན་སྐོར་ཞིབ་གྲལ་བཤེར་རིག་ནུས་ཅན་དང་མཐོང་རུང་ཅན་དུ་གྱུར་པ་དང་། “གྲངས་རིག”ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་ཏེ་བདེ་འཇགས་གྱོད་གཞི་ཐོན་ཚད་དང་། གཏུག་བཤེར་དུས་ཡུན། ཡིག་སྐུར་ངོ་བཅར་དུ་བསྒྱུར་བའི་ལས་སྒྲུབ་གྱོད་གཞིའི་གྲངས་འབོར་བཅས“གསུམ་ཆག”མངོན་འགྱུར་ཐུབ་པ་དང་། འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་ཚད་དང་། མང་ཚོགས་འདུམ་འགྲིག་ལ་བློ་ཡིད་ཚིམ་ཚད། སྡེ་ཚན་གྱི་མཐུན་སྦྱོར་ལས་ཕྱོད་བཅས“མཐོར་གཏོང་གསུམ”མངོན་འགྱུར་བྱུང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་ཡོད་པ་རེད།
བདེ་སྐྱིད་སྒྲོལ་མས“ང་ཚོའི་དམིགས་ཡུལ་ནི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་མང་ཚོགས་ཀྱིས་ཡིད་ཆེས་ཆེ་ཤོས་བྱེད་པའི་འགལ་བ་དང་རྩོད་གཞི་སེལ་སའི‘མཐའ་མའི་ས་ཚིགས’ཤིག་ཏུ་དངོས་འབྲེལ་འགྱུར་བ་བྱ་རྒྱུ་དེ་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།