“རེ་བའི་སྦྱར་སྡོང”འོག་གི་ཁྱིམ་གཞིས་གསར་པ།
—— དིང་རིའི་ཡོམ་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྔོན་ཐོན་མཉམ་སྡེབ་ཧྲང་ཧའེ་འཛུགས་སྐྲུན་ཚོགས་པའི་སྐོར་བཀོད་པ།
གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོར་སྐྱོད་སྐབས། ཡལ་འདབ་ལྷུག་པོར་གྲོལ་བའི་སྦྱར་སྡོང་ཞིག་ཉི་འོད་འོག་མངོན་གསལ་ལྷག་པར་དོད། ཟིང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས་སྦྱར་སྡོང་དེར་བལྟས་ནས“དེ་ནི་ང་ཚོའི‘རེ་བའི་སྦྱར་སྡོང་རེད’”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད།
དེ་ནི་ས་ཡོམ་གྱི་གནོད་འཚེའི་ཁྲོད་ཤོར་མེད་པའི་སྦྱར་སྡོང་ཞིག་རེད། ཁང་པ་བསྐྱར་སྐྲུན་གྱི་ཐོག་མའི་དཔེ་རིས་ལྟར་ན་སྦྱར་སྡོང་དེ་རྩ་བཀོག་གཏོང་རྩིས་ཡོད། “སྦྱར་སྡོང་དེ་འདི་གར་ལོ་ཇི་ཙམ་གནས་པ་མི་ཤེས་ལ། ས་མཐོར་སྦྱར་སྡོང་ཞིག་གསོན་ཐུབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན” ཞེས་ཧྲང་ཧའེ་འཛུགས་སྐྲུན་ཚོགས་པའི་ཚད་འཇལ་བས་སྦྱར་སྡོང་དེར་སྐོར་བ་ལན་གསུམ་བརྒྱབ་ནས་ཧ་ཅང་བྲལ་མི་ཕོད་པའི་ཚུལ་གྱིས་འདི་ལྟར་བརྗོད། ཇུས་གཞིར་ལེགས་སྒྲིག་ཡང་སེ་བྱས་པ་བརྒྱུད། མཐར་སྦྱར་སྡོང་དེ་གྲོང་ཚོའི་ཐང་ཆེན་གྱི་ཁ་སྤྲོད་དུ་སྤོ་འཛུགས་བྱེད་པར་ཐག་བཅད།
དེ་ནས་བཟུང་། ཚང་མས་ཉིན་ལྟར་སྦྱར་སྡོང་ལ་ཆུ་རྒྱག་པ་དང་དེའི་སྐྱེ་འཚར་ཟིན་ཐོར་འགོད་བཞིན་ཡོད་པ་མ་ཟད། “རེ་བའི་སྦྱར་སྡོང”ཞེས་པའི་མིང་སྙན་མོ་ཞིག་ཀྱང་བཏགས་པ་རེད།
ལོ་གཅིག་ལྷག་ཙམ་རིང་། སྦྱར་སྡོང་དེ་སྐམ་རྒྱུ་ལྟ་ཅི། དེ་བས་སྐྱེ་འཚར་ཡག་པོ་བྱུང་ནས་ཡལ་འདབ་གསར་པ་མང་པོ་ཞིག་ལྷུག་པོར་གྲོལ་ནས་ཡོད།
པ་སངས་ཀྱིས“དེ་དག་མཐོང་རིམ་བཞིན་ང་ཚོར་ཁྱིམ་གཞིས་སྐྲུན་རོགས་བྱེད་མཁན་རྣམས་དྲན་གྱི་འདུག ཁོང་ཚོའི་རོགས་སྐྱོར་མེད་ན་ང་ཚོའི་ད་ལྟའི་འཚོ་བ་གསར་པ་ཡོང་མི་སྲིད”ཅེས་མྱོང་ཚོར་ཟབ་མོས་བཤད།
ད་ཆ་ཟིང་དཀར་གྲོང་ཚོའི་དུད་ཚང་ཚང་མའི་སྒོ་འགྲམ་དུ་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་ལམ་བཏིང་བ་དང་བོད་བཟོའི་སྡོད་ཁང་གསར་རྐྱང་རྣམས་གྲལ་འགྲིག་ལ། ཉལ་ཁང་དང་། ཚོམས་ཆེན། ཐབ་ཚང་བཅས་ལོགས་སུ་ཡོད་པ་མ་ཟད། ཆུ་བཤལ་གསང་སྤྱོད་ཀྱང་ཡོད། རྒྱལ་སྒོ་མཚལ་མདོག་ཅན་ལ་བཀྲ་ཤིས་རྟགས་བརྒྱད་བརྐོས་ཡོད་པ་དང་ཉི་འོད་གཡབ་ཁང་དཀར་ཆ་དོད་ལ་དྲོ་སྐྱིད་ཀྱིས་ཁེངས་པས་དེ་སྔའི་གེགས་ཁུལ་དུ་ད་ཆ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར།
ལོ་གཅིག་གི་གོང་ས་ཆ་དེ་གའི་རྣམ་པ་འདི་འདྲ་ག་ནས་ཡིན།
2025ལོའི་ཟླ་1ཚེས་7ཉིན་གྱི་ཞོགས་པ་གློ་བུར་དུ་བརྒྱབ་པའི་ས་ཡོམ་ལས་ཟིང་དཀར་གྲོང་ཚོར་ཉམས་ཆག་ཆེན་པོ་བྱུང་ཞིང་། ངུ་ངག་དང་སྐྱོབ་རོགས་ཞུ་བའི་སྒྲ་ཅིག་ཅར་དུ་གྲགས་ནས། ཡུལ་མིའི་བརྟན་ལྷིང་གི་འཚོ་བ་གློ་བུར་དུ་ཟང་ངེ་ཟིང་ངེར་བཏང་།
ཉེན་ཆེའི་དུས་སུ་རྒྱ་མཚོ་དང་རི་ཀླུང་བརྒལ་བའི་བརྩེ་བ་ཆེན་མོས་མི་སེམས་དྲོས།
ཧྲང་ཧའེ་འཛུགས་སྐྲུན་ཚོགས་པས་འཕྲལ་དུ་གེགས་ཁུལ་དུ་འགྲོ་རྒྱུའི་རེ་འདུན་ཞུས། འབྲི་ཆུའི་ལྷོ་བྱང་སྒྲོལ་བའི་འཛུགས་སྐྲུན་པ་བརྒྱ་ཕྲག་ཙམ་གྱིས་ལས་གྲྭའི་འཕྲུལ་ཆས་དང་སྒྲིག་ཆས་ཆ་ཚང་བརྒྱ་ལྷག་ཙམ་འཁྱེར་ཏེ་མྱུར་ཚད་མགྱོགས་ཤོས་ཀྱི་སྒོ་ནས་ས་མཐོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ནང་ཞུགས།
བསྐྱར་སྐྲུན་གྱི་ལམ་བུ་དཀའ་ཚེགས་ཆེ་ལ་ལམ་ཐག་ཤིན་ཏུ་རིང་། ཟིང་དཀར་གྲོང་ཚོའི་ས་བབ་སྨི་4200ལྷག་ཙམ་ཟིན་ལ། མཐོ་གྲང་གསོ་རླུང་དཀོན་པ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ། ཨར་ལས་དུས་ཡུན་ཐུང་བ་བཅས་ཀྱིས་རྐྱེན་པས་བསྐྱར་སྐྲུན་ལས་གྲྭར་དཀའ་ཚེགས་ཆེན་པོ་འཕྲད། ཧྲང་ཧའེ་འཛུགས་སྐྲུན་ཚོགས་པའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་གཞོན་པ་ཝང་ཝུའེ་ལེང་གིས“དེ་ནི་ཁང་པ་བསྐྱར་སྐྲུན་ཙམ་མ་ཡིན་པར། དེ་བས་ཡུལ་མི་ཚོར་རེ་བ་གསར་པ་སྦྱིན་པ་ཞིག་རེད”ཅེས་བཤད།
ས་མཐོར་རོགས་སྐྲུན་བྱེད་རིང་མི་སེམས་འགུལ་བའི་གཏམ་རྒྱུད་གྲངས་ལས་འདས་པ་ཐོན་ཡོད། རྣམ་གྲངས་ཀྱི་ཅིང་ལི་ཀན་ཧྲུའུ་ལ་རོགས་སྐྲུན་གྱི་ལས་འགན་འབྱོར་སྐབས་བཟའ་ཟླར་ཕྲུ་གུ་སྐྱེ་གྲབས་ཡོད་པ་རེད། ཡུད་ཙམ་ཡང་ནར་འགྱངས་བྱེད་མི་རུང་བའི་བསྐྱར་སྐྲུན་གྱི་འགན་འཁྲིའི་མདུན་དུ་ཁོང་གིས་བློ་ཐག་ཆོད་པོས་ཁྱིམ་མི་དང་ཁ་བྲལ་ནས་ས་མཐོར་ཡོང་། ཉིན་མོ་གྲང་རླུང་ལ་མ་འཛེམས་པར་ལས་ཡུལ་དུ་བྲེལ་བྲེལ་འཚུབ་འཚུབ་ངང་ལས་ལ་འབད་པ་དང་། མཚན་དགུང་དུ་གཞི་ནས་ཁོམ་པ་བཙལ་ཏེ་ནང་མི་དང་བརྙན་ལམ་བརྒྱུད་བརྙན་ཤེལ་ནས་ཕྲུ་གུའི་ངུ་སྒྲ་ཐོག་མ་དེ་བསུས།
དེ་འདྲའི་བརྟན་སྲུང་ནི་རོགས་སྐྲུན་པ་ཚང་མའི་ཐུན་མོང་གི་གདམ་ག་ཞིག་ཡིན་པ་སྟེ། ཁོང་ཚོས་ཉིན་ལྟར་དགོང་ཟས་ཟ་སྐབས་ཀྱི་ངལ་གསོའི་དུས་ཚོད་ཐུང་ངུ་དེ་བེད་སྤྱད་ནས་ནང་མིར་ཁ་པར་གཏོང་བ་དང་། ཁ་པར་གྱི་ཕྱོགས་གཞན་ཞིག་ནས་ཕྲུ་གུས་རྟག་པར“པཱ་ལགས། ཁྱེད་རང་ག་དུས་ལོག་ཡོང་གི་ཡིན་ནམ”ཞེས་ཡང་ཡང་འདྲི་བར་བྱེད་ལ། ས་མཐོའི་གྲང་རླུང་དང་དཀའ་ངལ་ལ་ཇི་མི་སྙམ་པའི་བརྙན་ཤེལ་མདུན་གྱི་ཕོ་ཁྱོ་ག་ཚོས་ཕྲུ་གུར“འདི་གའི་ཡུལ་མི་ཚོར་ད་དུང་ཁྱིམ་ཚང་མེད་པས་པ་ཕ་དེ་གར་བསྡད་ནས་ཁོང་ཚོར་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱེད་དགོས། ཚང་མ་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ཁང་པ་གསར་པར་སྤོས་རྗེས་པ་ཕ་ལམ་སེང་ལོག་ཡོང་གི་ཡིན”ཞེས་ལན་འདེབས་རྒྱུ་ལས་མ་འདས། ཁས་ལེན་རེ་རེའི་ནང་དུ་ནང་མི་དྲན་པའི་སེམས་ཚོར་དང་གེགས་ཁུལ་མང་ཚོགས་ལ་བཅངས་པའི་འགན་འཁྲི་ལྕི་པོ་འདུས་ཡོད།
2025ལོའི་ཟླ་8ཚེས་15ཉིན་ཟིང་དཀར་གྲོང་ཚོའི་དུད་ཚང་126གི་ཁང་པ་གསར་པ་ཚང་མ་རྩིས་སྤྲོད་ཐུབ་པ་བྱུང་ཡོད།
“ཧྲང་ཧའེ་འཛུགས་སྐྲུན་ཚོགས་པའི་འཛུགས་སྐྲུན་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གསར་དུ་བརྒྱབ་པའི་ཁང་པའི་རྩིག་རྨང་བརྟན་པ་དང་། སོ་ཕག་མཁྲེགས་པ། ལྕགས་རྩིབས་སྤུས་ཀ་ལེགས་པས་ང་ཚོ་བློ་ཧ་ཅང་བདེ་པོ་འདུག”ཅེས་གྲོང་མི་མིག་དམར་གྱིས་སེམས་འགུལ་ཐེབས་བཞིན་གྲོང་མི་ཡོངས་ཀྱི་སེམས་གཏིང་གི་སྐད་ཆ་དེ་བཤད།
ཞིག་རོར་གྱུར་པའི་སྡོད་ཁང་ནས་ཡོམ་འགོག་གི་སྡོད་ཁང་གསར་པའི་བར་དང་། འཇིགས་སྣང་གིས་ཁེངས་པ་ནས་བདེ་སྡོད་ལས་བརྩོན་བར། ཐང་རྒོད་ཞིག་རོ་ནས་རྣམ་པ་གསར་རྐྱང་བར་ཧྲང་ཧའེ་འཛུགས་སྐྲུན་ཚོགས་པས་དངོས་སྒྲུབ་དང་། བཟོ་བོའི་སྙིང་སྟོབས། ལྷད་མེད་གཅེས་སེམས་བཅས་ལ་བརྟེན་ནས་གེགས་རྗེས་བསྐྱར་སྐྲུན་གྱི་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།