དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།

    ​དངོས་སྒྲུབ་དང་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་བསློགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-27

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་སྟེ། “དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་འགན་འཁྲི་དང་ལས་འགན་ལེགས་གྲུབ་ཡོང་བར་བྱེད་དགོས་ན། ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་གདེང་ཚོད་བརྟན་གཏོང་དང་འབད་འཐབ་ལྷོད་མེད་བྱས་ཏེ། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་ཡོད”ཅེས་ནན་བཤད་གནང་ཡོད།

    ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ཟབ་སྦྱོང་མཐིལ་རྟོགས་བྱས་ནས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་འགན་འཁྲི་འཁུར་སེམས་དང་བྱས་རྗེས་འཇོག་སེམས་ཆེ་རུ་བཏང་སྟེ། དངོས་སྒྲུབ་དང་ཕན་འབྲས་ངོ་མར་བརྟེན་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་བསློགས་ཡོད།

    གཞི་རྩ་བརྟན་དུ་བཏང་ནས་བློ་སྦྱོང་ལེགས་པར་བྱས་པ།

    “‘འཕེལ་རིམ་ལ་སྣང་ཆེན་དང་མྱོང་ཚོར་ལ་སྣང་ཆུང་བྱེད་པའི’ཕྱོགས་ལྷུང་ལྡན་མིན”དང“ཚན་པའི‘འགག་རྩའི་དོན་ཆུང’ ཐག་གཅོད་བྱ་རྒྱུ་དེ‘སེམས་ནང་གི་དོན་ཆེན’ལ་དངོས་འབྲེལ་བརྩི་མིན”སོགས། ཧོ་པེ་ཞུང་ཨན་ཁུལ་གསར་དོ་དམ་ཨུ་ལྷན་གྱིས་རང་རྟོགས་ངང་ཏང་ཀྲུང་དབྱང་གི་དགོངས་དོན་དང་བསྡུར་བ་ཡང་ཡང་བྱས་ཏེ། སྲིད་དོན་ལས་རྗེས་ལྟ་བའི་ཐད་ལྷག་པའི་གནད་དོན་འཚོལ་ཞིབ་ཧུར་ཐག་བྱས་ནས། ཏང་གཤིས་ཐད་ནས་ཧེ་བག་འཚོལ་བ་དང་། གནད་དོན་གྱི་འབྱུང་རྩ་འཚོལ་བ། བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པ་རེད། སློབ་སྦྱོང་བགྲོ་གླེང་དང་ཉེན་ཟོན་སློབ་གསོ་ཐེངས་མང་སྤེལ་རིང་། ཏང་ཡོན་ལས་བྱེད་པའི་བསམ་བློར་གཡོ་འགུལ་དང་ཏང་གཤིས་ལ་ཞུན་བརྡར་ཐེབས་ཏེ། བསམ་བློ་དང་བྱ་སྤྱོད་ཀྱི་གནས་ཚད་ཡོ་བསྲང་བྱུང་ཡོད།

    ཅང་ཤིས་ཞིང་ཆེན་ཕིང་ཤང་གྲོང་ཁྱེར་ལན་ཧྭ་རྫོང་གིས་བསམ་བློའི་ཐོག་ནས་གཞི་སྒྱུར་རྩ་སྒྱུར་དང་གཞི་རྩ་བརྟན་གཏོང་མཐའ་འཁྱོངས་བྱས་ཤིང་། ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱད་དེ་ཡུལ་རྣམ་རྣམ་པའི་ཐོག་ནས་སློབ་ཁྲིད་དང་། དབྱིངས་ཞུགས་རྣམ་པའི་ཐོག་ནས་མྱོང་ཚོར། མཉམ་འགུལ་རྣམ་པའི་ཐོག་ནས་བགྲོ་གླེང་བཅས་བྱེད་པ་སོགས་བརྒྱུད། ཏང་ཡོན་ལས་བྱེད་པས་གསར་བརྗེའི་སྔོན་བྱོན་པ་ཚོ་མིག་དཔེར་བཟུང་སྟེ། རང་ཉིད་ཀྱི་ཏང་གཤིས་སྤྱོད་ཚུལ་ཁྲོད་གནས་པའི་སྲིད་དོན་ལས་རྗེས་ལྟ་བ་ཡོ་ཁྱད་ཀྱི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་ལྟ་བྱེད་པར་ཁྲིད་སྟོན་བྱས་ཡོད།

    ཀྲུང་གོ་སྲོག་རྟེན་འགན་བཅོལ་ཚོགས་པ་ཏང་ཨུད་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་དེ་འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་དང་སྲིད་དོན་ལས་རྗེས་ལྟ་བར་བསྡུར་ཞིབ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཏུ་བརྩིས་ཤིང་། ཚན་པ་ཁག་སྒྲིག་འཛུགས་བྱས་ནས་སྤྱི་ཁྱབ་པུའུ་རུ་འགོ་ཁྲིད་ལས་བྱེད་པ་དང་གཞོན་སྐྱེས་ལས་བྱེད་པའི་ཆེད་དོན་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་དང་། ཞིང་ཆེན་རིམ་པའི་སྒྲིག་གཞིའི“འགོ་ཁྲིད་གཙོ་བོའི”ཆེད་དོན་གསོ་སྦྱོང་འཛིན་གྲྭ གཞོན་སྐྱེས་ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་སོགས་གཙོ་གནད་འཛིན་གྲྭ་ཁག་38གཉེར་བ་རེད།

    མཁྲེགས་སར་གཏུག་ཕོད་པ་བྱས་ནས་དམངས་ཀྱི་སེམས་ཁྲལ་བསལ་བ།

    པེ་ཅིང་གྲོང་ཁྱེར་ཧྲི་ཅིང་ཧྲན་ཆུས་ཀྱིས་དམངས་འཚོ་ལེགས་སུ་གཏོང་བར་ཧུར་ཐག་གཞོལ་ཏེ། འབྲུབ་འགོག་དང་འབྲུབ་གྲབས་ལས་དོན་ཁྲོད་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་གཏིང་ཟབ་བྱས་པ་དང་། བདེ་འཇགས་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་བ། ནུབ་རྒྱུད་ཆན་ཧྲན་ཆུས་ཀྱི་རང་བྱུང་གྲོང་ཚོ་3དུ“མཐོ་སའི་མཁར་རྫོང”བསྐྲུན་ནས་སྲུང་སྐར་འཕྲིན་གཏོང་སྒྲིག་ཆས་དང་གྲབས་གློག་སོགས་འཕྲལ་སྡོམ་དངོས་ཟོག་བཀོད་སྒྲིག་བྱས་ཡོད། ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་གཉིས”ཀྱི་བྱེད་སྒོར་བརྟེན་ནས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཡོད་ས་དང་འབྲེལ་བ་ཡོད་པའི་གྲོང་མིའི་ཁུལ་ལ་ས་གཤིས་གནོད་འཚེའི་ཉེན་གཡོལ་གསལ་སྟོན་གཱ་སྤྲད་པ་དང་ཆབས་ཅིག གཙོ་གནད་མི་ཚོགས་ལ“དུད་ཚང་རེར་ཡིག་ཚགས་རེའི”ཆ་སྒྲིག་འགན་ལེན་བྱས་ནས་འབྲུབ་ཆུ་རྒྱས་དུས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད།

    སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། རྒྱལ་ཁབ་གློག་དྲ་ཀུང་སིའི་ཏང་ཙུའུ་ཡིས་སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་དེ་གློག་དྲའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ལག་ལེན་ཁྲོད་དུ་དོན་འཁྱོལ་བྱས་ཡོད། རྒྱལ་ཁབ་གློག་དྲ་དབྱི་ཝུའུ་གྲོང་ཁྱེར་གློག་འདོན་ཀུང་སིས་དབྱི་ཝུའུ་ཕྱི་ཕྱོགས་ཚོང་དོན་ཐོན་ལས་གཅིག་སྡུད་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཤིང་། གྲུ་དམར་གུང་ཁྲན་ཏང་ཡོན་ཞབས་ཞུའི་རུ་ཁག་འཐབ་ས་དང་པོར་བསྐྱོད་པར་བརྟེན་ནས། ནུས་རྒྱུ་དང་ཐཱན་ཞབས་ཞུའི་ས་ཚིགས་དེ་ཉིད་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་ལྟེ་གནས་ཀྱི་གྲངས་འཛིན་ཚོང་དོན་གྲུ་ཁར་བཅའ་སྡོད་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། ལྗང་མདོག་གློག་དང་ལྗང་མདོག་གློག་ཤུགས་ལག་ཁྱེར་ཉོ་ཚོང་དང་། ཐཱན་གྱི་རྗེས་ཤུལ་ཞིབ་རྩིས། འབྲེལ་ཡོད་སྒོ་ཁྲལ་སྲིད་ཇུས་གསལ་འགྲེལ། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་སྒྱུར་བཀོད་སོགས་ཀུན་ཕན་ཞབས་ཞུའི་ལས་དོན་གཅིག་སྒྲིལ་བྱས་ཏེ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་ཕྱི་རྒྱལ་དུ་འཕེལ་རྒྱས་གཏོང་བར་བསྐྱོད་རྒྱུར་རམ་འདེགས་བྱས་ཡོད།

    ཁྲུང་ཆིང་གྲོང་ཁྱེར་ཆུ་བོ་གཉིས་ཁུལ་གསར་གྱིས་སྒོ་དབྱེའི་སློབ་གསོ་མཐའ་འཁྱོངས་བྱས་ནས་ཏང་ཡོན་ལས་བྱེད་པས་སྡེ་ཁུལ་དང་། གླིང་ཁུལ། ཞིང་ནང་མུ་ཁ་བཅས་སུ་བསྐྱོད་དེ་དམངས་ཀྱི་འདོད་བློ་ཉན་པ་དང་། གནས་ཚུལ་དངོས་ལ་རྟོག་ཞིབ་བྱེད་པ། དཀའ་གནད་སེལ་བ་བཅས་ལ་སྐུལ་འདེད་བཏང་ཡོད།

    སྒྲིག་སྲོལ་ལམ་ལུགས་བཙུགས་ནས་ཕུགས་དོན་ལ་དོ་དམ་བྱས་པ།

    དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བའི་གནད་དོན་ཡོ་བསྲང་བྱ་ཆེད། ཧྲན་ཤིས་ཞིང་ཆེན་ཏ་ཐུང་གྲོང་ཁྱེར་ལིང་ཆིའུ་རྫོང་གིས་ཏང་སྲིད་ཀྱི་གཙོ་འགན་འཁུར་མཁན་འགྱུར་ལྡོག་རྩིས་སྤྲོད་རྩིས་ལེན་གྱི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ཏང་འཛུགས་སྐྱོང་དང་། ནོར་དོན། རྒྱུ་ནོར་སོགས་ནང་དོན་7ཚུད་པའི་རྩིས་སྤྲོད་རྩིས་ལེན་གྱི་གསལ་ཐོ་བཟོས་པ། རྩ་འཛུགས་དང་། སྒྲིག་བཤེར། སྲིད་ཁྲིམས། ཡིག་བསྐུར་ངོ་བཅར་སོགས་ཚན་པ་10ལྷག་ཙམ་གྱིས་རྩིས་སྤྲོད་རྩིས་ལེན་གྱི་དོན་ཚན་ལ་དམ་འཛིན་ནན་པོ་བྱས་པ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་ནས་དབང་འགན་ཁ་གསལ་དང་། ནང་དོན་ཆ་ཚང་། བརྒྱུད་རིམ་ཚད་ལྡན། ལྟ་འདོམས་དམིགས་འབྱོར། ཁུངས་འདེད་ཁུངས་བཙན་བཅས་ཀྱི་ལས་བྲལ་རྩིས་སྤྲོད་རྩིས་ལེན་གྱི་ཕུགས་ཕན་ལས་ཀའི་ལམ་སྲོལ་ཞིག་ཆགས་པར་བྱས་ཡོད།

    ཀན་སུའུ་ཞིང་ཆེན་ཅིན་ཁྲང་གྲོང་ཁྱེར་གྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་ཚོད་སྐོར་ལམ་སྲོལ་བཙུགས་པ་དང་འབྲེལ་དེ་ཉིད“གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ཐབས་ཇུས་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་ཡོད། ཐཱན་མེད་གླིང་ཁུལ་དང་རྒྱལ་ཁབ་བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་གསར་པ་སྒྱུར་བཀོད་ཚོད་ལྟའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་རིང་། སྲིད་གཞུང་གི་མ་འཇོག་དང་། ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་ཐབས་ཇུས་ཚོད་སྐོར། མུའུ་རེའི་ཐོན་འབབ་ཀྱི་ཕན་འབྲས་གདེང་འཇོག་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་བཙན་ཞིང་ནན་པོས་འབྱུང་རྩ་ནས་འཕྲལ་ཕན་འཕྲལ་སྒྲུབ་དང་རྨོངས་ཚོད་ངང་རྣམ་གྲངས་ལག་བསྟར་བྱེད་པ་སོགས་ཀྱི་གནད་དོན་གཏན་འགོག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།