བརྩེ་སེམས་ཟབ་མོ་ཆུ་གཏེར་འཇིངས། དབང་སྐྱོན་རོགས་སྐྱོར་བྱེད་སེམས་བརྟན།
—— རང་ལྗོངས་ཀྱིས་ཐ་སྐྱོང་འགན་སྲུང་དང་གནད་སྨིན་མཐུན་རྐྱེན་ཟུང་དུ་འབྲེལ་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་ཏན་ཏིག་འགྲོ་བར་སྐུལ་འདེད་བཏང་བ།
དུས་ཡུན་རིང་པོའི་ནང་། རང་ལྗོངས་ཀྱིས་རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་བསམ་བློ་གཏོང་ས་དང་། རེ་སྒུག སེམས་ཁྲལ། དཀའ་ངལ་བཅས་ལ་དམ་པོར་དམིགས་ཏེ། དམངས་འཚོའི་ཐ་སྐྱོང་ལ་བརྟེན་ནས་འཚོ་བའི་མཐའ་ཚད་བརྟན་དུ་གཏོང་བ་དང་། གནད་སྨིན་ཞབས་ཞུར་བརྟེན་ནས་དངོས་ཡོད་དཀའ་གནད་སེལ་བ། རྩལ་ནུས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་རང་བརྟེན་ཕུགས་འདུན་མངོན་འགྱུར་ཡོང་བར་རོགས་རམ། སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་ཞབས་ཞུའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཐོག འགན་སྲུང་མ་ལག་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་སྒོ་ཀུན་ནས་ལེགས་སུ་གཏོང་བ། དྲོ་སྐྱིད་ལྡན་པའི་སེམས་ཁུར་བརྒྱུད་སྤྲོད་བཅས་བྱས་པ་དང་། དམངས་ཕན་དབང་སྐྱོན་རོགས་སྐྱོར་སྲིད་ཇུས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ་དང་དམངས་ཕན་རོགས་སྐྱོར་བྱེད་ཐབས་རེ་རེ་བཞིན་ལ་ཕན་འབྲས་ཐོན་པར་བྱས་ནས་སེམས་ཁུར་དང་གཅེས་སྐྱོང་གི་ཉི་འོད་ས་མཐོའི་ཕྱོགས་གང་སར་འཕྲོ་བར་བྱས་ཏེ། ལྗོངས་ཡོངས་ཀྱི་དབང་སྐྱོན་མང་ཚོགས་བདེ་སྡོད་ལས་བརྩོན་དང་། རང་རྟོན་རང་དར། རང་འབད་བཅས་ཡོང་བར་རམ་འདེགས་བྱས་པར། གངས་ལྗོངས་ས་མཐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་མཉམ་སྤྱོད་དང་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་རོལ་ཐུབ་པ་བྱུང་ཡོད།
དམངས་འཚོའི་ཐ་སྐྱོང་ལ་དྲོ་སྐྱིད་ལྡན་པ།
དུས་ཡུན་རིང་པོའི་ནང་། བོད་རང་སྐྱོང་ལྗོངས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་འགུལ་ངང་དམངས་སྲིད་སྡེ་ཚན་དང་མཉམ་དུ་གྲལ་བཤེར་གནད་སྨིན་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་དབང་པོ་སྐྱོན་ཅན་ཚང་མ་མ་མཐའི་འཚོ་བ་འགན་ལེན་ཁྱབ་ཁོངས་ནང་འཇུག་པར་སྐུལ་འདེད་བཏང་ཡོད། མིག་སྔར་དབང་པོ་སྐྱོན་ཅན་6503དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ཁྱབ་ཁོངས་སུ་བཅུག་ནས། འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་ཐུབ་པ་དང་མི་གཅིག་ཀྱང་མ་ལུས་པར་བྱས་ཡོད། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་སྐྱོང་ཁ་གསབ་ཀྱི་བབ་བསྟུན་ལེགས་སྒྲིག་ལམ་སྲོལ་ལག་བསྟར་ནན་པོ་བྱས་ཏེ། ལོ་ཧྲིལ་པོར་རིམ་རྩིས་བརྒྱབ་ན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2.69སྤྲད་པ་དང་དབང་པོ་སྐྱོན་ཅན་མི་ཐེངས་ཁྲི་144ལ་སྲིད་ཇུས་ཀྱི་ཁེ་འབབ་ལོངས་སུ་སྤྱོད་རྒྱུ་བྱུང་ནས། དབང་པོ་སྐྱོན་ཅན་ཁྱིམ་ཚང་གི་འཚོ་བ་དང་ལྟ་སྐྱོང་གི་གནོན་ཤུགས་ཆུང་དུ་ནུས་ལྡན་ཕྱིན་ཡོད།
དེ་དང་ཆབས་ཅིག རང་ལྗོངས་ཀྱིས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་མཁན་རྒྱུན་མཐུད་མང་དུ་བཏང་ནས། ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་ཚད་98%ཟིན་པ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་95%ཟིན་ཏེ་རྒན་གསོ་དང་སྨན་བཅོས་ཕྱོགས་གཉིས་ནས་དབང་པོ་སྐྱོན་ཅན་གྱི་ཡུན་རིང་འཚོ་བའི་འགན་ལེན་གྱི་སྲུང་བཅད་བརྟན་པོ་བསྐྲུན་ཡོད།
རང་ལྗོངས་ཀྱིས་ད་དུང་ཆེད་དམིགས་རོགས་སྐྱོར་བྱེད་ཐབས་མུ་མཐུད་ཏན་ཏིག་དང་ཞིབ་ཚགས་བཟོ་བ་དང་། དབང་སྐྱོན་རྐྱེན་གྱིས་དབུལ་ལོག་དང་དབུལ་འགྱུར་གྱི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མི་སྤྱི་དང་སྨན་བཅོས་འགན་བཅོལ་སོགས་སྡེ་ཚན་དང་མཉམ་དུ་ཟླ་རེའི་གྲངས་གཞི་མཉམ་སྤྱོད་ལམ་སྲོལ་འཛུགས་པ། གནད་སྨིན་ཇུས་འདོན་དང་འབེན་གཏད་རོགས་སྐྱོར་བཅས་བྱས་ཏེ། དུད་ཚང་22ཀྱི་མི་50དབང་སྐྱོན་རྐྱེན་གྱིས་དབུལ་ལོག་གི་ཉེན་ཁ་སེལ་རོགས་བྱས་ཡོད། “དབང་སྐྱོན་ལ་རོགས་རམ་གྱི་དགུན་དུས་དྲོ་སྐྱིད་སྦྱིན་པའི”འཚམས་འདྲིའི་ལས་དོན་ཏན་ཏིག་སྤེལ་ནས། སྔ་རྗེས་སུ་དབང་པོ་སྐྱོན་ཅན་མི་སྒེར་120དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་མཉམ་སྡེབ་ཁག་5ལ་འཚམས་འདྲིའི་དངུལ་སྒོར་ཁྲི་12སྤྲད་དེ་དབང་པོ་སྐྱོན་ཅན་གྱི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད་པ་རེད།
ལུས་གསོའི་བྱ་གཞག་དར་རྒྱས་བྱུང་བ།
ལུས་གསོའི་ཞབས་ཞུ་གནད་སྨིན་དོན་འཁྱོལ་དང་སྤུས་འབྲས་ལེགས་གཉེར་བྱུང་ཞིང་། རང་སྐྱོང་ལྗོངས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱིས《དབང་པོ་སྐྱོན་ཅན་གྱི་ལུས་གསོའི་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་དབང་སྐྱོན་སྔོན་འགོག་བྱ་སྤྱོད་འཆར་གཞིའི》བླང་བྱ་དང་དཔེ་བསྡུར་ནན་པོ་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་རྨང་གཞིའི་ལུས་གསོའི་ཞབས་ཞུ་དམ་འཛིན་དང་ཞིབ་ཚགས་སུ་བཏང་བས་དབང་པོ་སྐྱོན་ཅན་ལ་གཞི་རྩའི་ལུས་གསོའི་ཞབས་འདེགས་ཞུ་ཚད་94.75%ཟིན་པ་དང་རམ་འདེགས་ཡོ་བྱད་འཚམ་ཚད་དང་ཞབས་འདེགས་ཞུ་ཚད་97.91%ཟིན་ནས་དབང་པོ་སྐྱོན་ཅན་གྱི་གཟུགས་པོའི་ནུས་རྩལ་དང་འཚོ་བའི་ཐད་རང་མགོ་ཐོན་ནུས་ཆེ་རུ་གཏོང་གང་ཐུབ་བྱས་ཡོད།
ལས་ཞུགས་ལས་གཏོད་ཐད་ཕྱོགས་མང་པོ་ནས་ཤུགས་རྒྱག་པ་དང་ཐབས་ལམ་མང་པོ་བཏོན་ཞིང་། རང་ལྗོངས་ཀྱིས་ལས་མི་བསྡུ་བའི་འདུ་ཚོགས་དང་ལས་ཞུགས་རོགས་སྐྱོར་ཟླ་བ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་རྒྱུན་རྣམ་ཅན་གྱིས་སྤེལ་ནས་2025ལོའི་ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་1355གསར་དུ་ལས་ཞུགས་ཐུབ་པ་དང་། མཐོ་སློབ་ཀྱི་དབང་པོ་སྐྱོན་ཅན་སློབ་ཐོན་སློབ་མ་182བདེ་བླག་ངང་ལས་ཞུགས་ཐུབ་པར་རོགས་སྐྱོར་བྱས་པ། འདོད་བློ་ཡོད་པའི་དབང་པོ་སྐྱོན་ཅན་སློབ་ཆེན་སློབ་མ་ལས་ཞུགས་ཐུབ་ཚད་100%ཟིན་ཞིང་། དབང་པོ་སྐྱོན་ཅན་ཚབས་ཆེན་20རམ་འདེགས་རང་བཞིན་གྱི་ལས་ཞུགས་བརྒྱུད་ས་ཆ་དེ་རང་དང་ཐག་ཉེ་སར་འབབ་འཕར་བྱུང་ཡོད།
དབང་པོ་སྐྱོན་ཅན་གྱི་གཞོན་ནུ་ཁ་ཤས་ཀྱིས་སྲིད་ཇུས་ཀྱི་རོགས་སྐྱོར་ལ་བརྟེན་ནས་རང་བརྟེན་ལས་གཏོད་བྱས་ཤིང་། དུས་འགོར་ལས་གཏོད་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པར་བྱེད་པ་དང་དེ་རྗེས་ཆེད་དམིགས་ཁ་གསབ་ལ་བརྟེན་ནས་གཉེར་སྐྱོང་གཞི་ཁྱོན་ཆེ་རུ་བཏང་སྟེ། ཀུང་སི་བཙུགས་པ་མ་ཟད། དབང་པོ་སྐྱོན་ཅན་མང་པོ་ཞིག་མཉམ་དུ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།
སློབ་གསོའི་འགན་ལེན་ཐ་སྐྱོང་སྲུང་སྐྱོང་དང་རིག་གནས་དང་ལུས་རྩལ་གྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཞིང་། ཧྲན་ཤིས་དང་ཀན་སུའུ་སོགས་ཞིང་ཆེན་ཕྱིའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐོན་ཁུངས་དང་རང་འགུལ་ངང་མཐུན་སྦྱོར་བྱས་ཏེ། བོད་ཀྱི་དམའ་འབྲིང་ཐོན་པའི་དབང་པོ་སྐྱོན་ཅན་སློབ་མ་109ལ་ཟབ་སྦྱོང་གི་ལས་སྟེགས་བཏོད་པ་དང་། སློབ་སྐྱོར་ཁ་གསབ་སྲིད་ཇུས་རྒྱུན་མཐུད་དོན་འཁྱོལ་བྱས་ཏེ། ལྗོངས་ཕྱིའི་སློབ་གྲྭར་འགྲོ་མུས་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་སློབ་མར་འགྲིམ་འགྲུལ་ཁ་གསབ་སྤྲོད་པ་དང་། “དམིགས་བསལ་སློབ་གསོའི་དགེ་རྒན་གྱི་བྱ་དགའ”དང“དབང་པོ་སྐྱོན་ཅན་སློབ་མའི་བརྩོན་སྐྱེད་བྱ་དགའི”དཔྱད་འདེམས་བྱེད་པ། དམིགས་བསལ་སློབ་གསོའི་ལས་དོན་པས་ཐོག་མའི་བསམ་འདུན་བརྟན་སྲུང་དང་དབང་པོ་སྐྱོན་ཅན་སློབ་མས་ཤེས་ལྡན་པར་འགྱུར་བར་བརྩོན་པ་བྱེད་པར་སྐུལ་ལྕག་གཏོང་བ་བཅས་བྱས་ཡོད།
གཞི་རིམ་བཅོས་སྐྱོང་མཇུག་སྣེར་ཁྱབ་པར་བྱས་པ།
དུས་ཡུན་རིང་པོའི་ནང་། ལྗོངས་ཡོངས་ཀྱི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས་སྒྱུར་བཅོས་ལ་བརྟེན་ནས་གསོན་ཤུགས་འཕེལ་བ་དང་། འཛུགས་སྐྲུན་ལ་བརྟེན་ནས་གཡུལ་ས་སྟོབས་ཆེར་གཏོང་བ། དཔུང་ཁག་ལ་བརྟེན་ནས་ནུས་པ་ཆེ་རུ་གཏོང་བ། མཉམ་འགུལ་ལ་བརྟེན་ནས་མཉམ་ཤུགས་སྒྲིལ་བ་བཅས་མཐའ་འཁྱོངས་ཀྱིས་རྩ་འཛུགས་ཀྱི་འགན་སྒྲུབ་དང་ཞབས་ཞུའི་འགན་ལེན་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་སྟེ། དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ་རེད།
ལྗོངས་ཡོངས་སུ་རྫོང་རིམ་པའི་དབང་པོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་72བསྐྲུན་པའི་ནང་63རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་བྱས་པ་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི“དབང་པོ་སྐྱོན་ཅན་གྱི་ཁྱིམ་གཞིས”ཚོད་ལྟའི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། གྲོང་ཁྱེར་དང་ས་ཁུལ་རིམ་པའི་དབང་པོ་སྐྱོན་ཅན་གྱི་ཆེད་དོན་མཐུན་ཚོགས་7དང་རང་བརྟེན་རོགས་རེས་བྱེད་སྒོའི་རྟེན་གཞི་3བཙུགས་པ་དང་། ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ཐེངས་15སྤེལ་བ་རེད།
གཞི་རིམ་གྱི་སྤྱི་ཚོགས་ལས་དོན་གྱི་ཞབས་ཞུ་ལེགས་སུ་བཏང་ནས་ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བ་300ཙམ་ལས་ཞུགས་བརྟན་པོ་ཐུབ་པར་སྐུལ་ཁྲིད་བྱས་ཤིང་། རིམ་རྩིས་བརྒྱབ་ན་དུད་ཚང་4693ལ་འདྲི་རྩད་བྱས་པ་དང་། མི་152ལ་འཚམས་ལན་ཞུས་པ། མང་ཚོགས་མི་ཐེངས་ཁྲི་3.6ལ་ཞབས་འདེགས་ཞུས་པ་སོགས། དྲ་ཐོག་གི་དམངས་ཕན་ཞབས་ཞུའི་བྱ་རིམ་ཆུང་ངུ་བརྒྱུད་གཞི་རིམ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་ཞབས་འདེགས་ཞུ་ཐུབ་པ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།