ཆུ་བེད་པུའུ་རྨ་ཆུ་ཆུ་བེད་ཨུ་ལྷན་རྨ་ཆུ་ཆུ་དཔྱད་ས་ཚིགས་ཀྱི་ན་གཞོན་ཚོས།
འཁང་ར་སྤུ་ཙམ་མེད་པར་རྨ་ཆུ་སྲུང་སྐྱོང་བྱེད་པ།
ཞོགས་པ་ས་བབ་སྨི་3400ཟིན་པའི་ཆུ་བེད་པུའུ་རྨ་ཆུ་ཆུ་བེད་ཨུ་ལྷན་རྨ་ཆུ་ཆུ་དཔྱད་ས་ཚིགས་སུ། ལོ་22ལ་སླེབས་པའི་ཝང་ཤང་ཐིང་གིས“ཀྲན་ཀྲང་ལགས། རེག་བརྡའི་ཆུ་ཁའི་གྲངས་ཐང་དང་མིས་དངོས་སུ་འཇལ་བའི་གྲངས་གཞིའི་དབར་ཧེ་བག་འདུག་པས་ཆུ་འགྲམ་དུ་དཔྱད་ཆས་ཀྱི་ཐིག་ཚད་སྒྲིག་པར་འགྲོ་དགོས་ཀྱི་འདུག”ཅེས་ཚོར་བ་སྐྱེན་པོས་རྒྱུན་གཏན་མིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། ལོ་31ལ་སླེབས་པའི་ཀྲན་ཀྲང་ཀུའོ་ཧྥན་མྱུར་དུ་ཁོང་དང་མཉམ་དུ་ཆུ་འགྲམ་དུ་སོང་ནས་ཐིག་ཚད་བསྒྲིགས།
ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་རྒྱུད་དུ་རིང་ཚད་ལ་སྤྱི་ལེ་433ཟིན་པའི་རྨ་ཆུའི“ཁུག་ཆེན”ཞིག་ཆགས་པས་ན“གནམ་འོག་རྨ་ཆུའི་ཁུག་ཆེན་དང་པོ”ཞེས་པའི་མཚན་སྙན་ཡོད་ལ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་ཁུལ་དང་ཆུ་གསབ་ཁུལ་གལ་ཆེན་ཞིག་ཀྱང་རེད། རྨ་ཆུ་ཆུ་དཔྱད་ས་ཚིགས་བཙུགས་ནས་ལོ་67སོང་ཞིང་། ད་ཆ་ན་གཞོན་ལས་བྱེད་པས་འགན་གཙོ་བོ་འཁུར་བ་དང་ས་ཚིགས་ཡོངས་ཀྱི་ལས་བྱེད་ལས་བཟོའི་ཆ་སྙོམས་ལོ་ཚད་ལོ་29ཡིན་པ་རེད།
ཐིག་ཚད་བསྒྲིགས་རྗེས། ཀུའོ་ཧྥན་གྱིས་སླར་ཡང་བསྡུར་བ་བྱས་ཏེ་རེག་བརྡའི་ཆུ་ཁའི་གྲངས་ཐང་དང་མིས་དངོས་སུ་འཇལ་བའི་གྲངས་གཞི་ཏག་ཏག་བསྡད་ཡོད་མེད་བལྟས། ཀུའོ་ཧྥན་གྱིས“ས་ཚིགས་སུ་དེང་རབས་ཅན་གྱི་དཔྱད་ཆས་བསྒར་ཡོད་མོད། འོན་ཀྱང་ས་མཐོའི་གནམ་གཤིས་འགྱུར་ལྡོག་ཆེ་བ་དང་འབྲུག་ཆར་གྱིས་དཔྱད་ཆས་ལ་གཏོར་སྐྱོན་གཏོང་སྲིད་པས་ས་ཚིགས་སུ་བཅའ་སྡོད་ལྟ་ཞིབ་ཚད་ལེན་བྱེད་མཁན་ཡིན་ཅིག་དགོས་ཀྱི་ཡོད”ཅེས་བཤད། དགུན་ཁར་ཆུ་ལམ་དུ་དར་ཆགས་ནས་ཆུ་དཔྱད་འདྲེན་ཐག་སྤྱོད་ཐབས་བྲལ་བས་ཚང་མས་འཁྱགས་པ་བཅག་སྟེ་ལྟ་ཞིབ་ཚད་ལེན་བྱེད་དགོས་ཀྱི་ཡོད། “ཆུ་ཁ་དང་རྒྱུག་ཚད་སོགས་འགག་རྩའི་དམིགས་ཚད་ལ་ལྟ་ཞིབ་ཚད་ལེན་ཉིན་ལྟར་བྱེད་དགོས་ཀྱི་ཡོད”ཅེས་ཀུའོ་ཧྥན་གྱིས་བཤད།
ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེ་བའི་རྨ་ཆུ་ཆུ་དཔྱད་ས་ཚིགས་སུ་མངོན་གསལ་དོད་པའི་གྲུབ་འབྲས་གཏོད་དཀའ། ཀུའོ་ཧྥན་གྱིས། འབྲུབ་ཆུ་རྒྱས་པའི་གནས་ཚུལ་རྙོག་འཛིང་ཆེ་བའི་ས་ཁུལ་དུ་ཆུ་ལོག་མ་ཐོན་གོང་ཆུ་དཔྱད་སྡེ་ཚན་གྱིས་འགག་རྩའི་དམིགས་ཚད་ཚད་འཇལ་ཐུབ་པ་དང་དུས་ཐོག་ཏུ་གོ་ཆོད་ཆ་འཕྲིན་མཁོ་འདོན་བྱེད་ཐུབ་ཚེ་དེ་ནི་གྲུབ་འབྲས་ཆེ་ཤོས་ཤིག་རེད། རྨ་ཆུ་ས་ཚིགས་ནི་རྨ་ཆུའི་སྟོད་རྒྱུད་དུ་གནས་པ་དང་ཆུའི་གནས་ཚུལ་བལྟོས་བཅས་ཀྱིས་བརྟན་པོ་ཡོད་པས་ལོ་ལྟར་ཆུ་ཁ་མཐོ་ཤོས་དང་དམའ་ཤོས་དབར་ཧེ་བག་སྨི་3.5ལས་མེད་ཅེས་བཤད། ཝང་ཤང་ཐིང་གིས་སྐབས་ཤིག་རིང“ཉིན་ལྟར་ཚད་འཇལ་་དང་། རྩིས་རྒྱག གོང་ཞུ་བཅས་བྱེད་པའི་ལས་ཀ་ནི་ཆོ་མེད་བསྐྱར་ཟློས་ཤིག་ཡིན་པའི”ངོས་འཛིན་བྱེད་ཀྱི་ཡོད།
ཀུའོ་ཧྥན་དང་གླེང་མོལ་ཐེངས་ཤིག་བྱས་པ་ལས་ཝང་ཤང་ཐིང་གི་སེམས་པ་གུ་ཡངས་སུ་ཕྱིན་ཞིང་། ཀུའོ་ཧྥན་གྱིས“རྨ་ཆུ་ས་ཚིགས་ཀྱི་ཆུ་ཁ་ལི་སྨི་10མཐོ་རུ་སོང་བའི་སྙན་སེང་ཞུས་ཚེ་སྨད་རྒྱུད་ཀྱིས་དེར་གཞིགས་ནས་རིགས་འདེད་རྩིས་བརྒྱབ་པའི་ཆུ་རྒྱུག་ཚད་དེ་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་3000ནས་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་4000བར་འགྱུར་ལྡོག་འགྲོ་སྲིད་པས་ཆུ་གསོག་ཁུལ་ཞིག་དགོས”ཞེས་བཤད། ཁོང་གིས། དེར་བརྟེན་ཆུ་དཔྱད་གྲངས་གཞི་རེ་རེ་གནད་སྨིན་ཚད་འཇལ་བྱེད་པ་ནི་ཆུ་དཔྱད་ས་ཚིགས་ཀྱི་ལས་བྱེད་ལས་བཟོའི་འགན་འཁྲི་ཆེ་ཤོས་ཤིག་རེད། “ཧེ་བག་སྤུ་ཙམ་ཡང་མེད་པའི་ཚད་འཇལ་གྲངས་གཞི་སྙན་སེང་ཞུ་རྒྱུ་དེ་ནི་ཆུ་དཔྱད་བའི་སྲིད་དོན་ལས་རྗེས་ཏིག་ཏིག་དེ་རེད་ལ། ཆུ་མོ་ཡུན་རིང་བདེ་འཇགས་ཡོང་བའི་རྨང་གཞི་བརྟན་པོ་ཞིག་ཀྱང་རེད”ཅེས་བཤད།
རྨ་ཆུ་ས་ཚིགས་ཀྱི་ལས་བྱེད་ལས་བཟོ་ཚང་མ་ས་ཆ་གཞན་ནས་ས་མཐོར་དཀའ་ལས་རྒྱག་པར་ཡོང་བས་འཇོན་ཐང་ཅན་དུ་འགྱུར་ན་སྙམ་པའི་རེ་བ་ཡོད་ལ་མ་ཡུམ་ཆུ་བོ་སྲུང་བའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བའང་ཡོད། འོན་ཀྱང་ས་མཐོའི་ཁོར་ཡུག་ཧ་ཅང་ཞན་པས་སེམས་ཤུགས་ཉམས་མཁན་ཡང་ཡོད་སྲིད། ཐོག་མར“བརྒྱུད་རོགས་ཁྲིད་གསུམ”ནས་འགོ་འཛུགས་དགོས།
ཁྲང་ཤིན་ཡོན་ནི་ད་ལོ་ལོ་25ཡིན་ཞིང། རྨ་ཆུ་ས་ཚིགས་སུ་ལས་ཀ་ལོ་གསུམ་ལྷག་ཙམ་བྱས་ཏེ་ད་ཆ་ལག་རྩལ་བྱང་ཆུབ་པར་གྱུར་ཡོད། ལས་ཀར་ཞུགས་ནས་ཡུན་རིང་མ་སོང་བར་ཁོང་གིས་སྐབས་དེ་དུས་ཀྲན་ཀྲང་ཡིན་པའི་ཁྲའོ་ཏའེ་ཧོ་དང“དགེ་རྒན་དང་དགེ་ཕྲུག་གི་གྲོས་མཐུན”བཞག་ནས་ཉིན་ལྟར་དགེ་རྒན་དང་མཉམ་དུ་ཆུ་ཁ་འཇལ་བ་དང་། གྲངས་གཞི་ཐོར་འགོད་པ། སྙན་སེང་རེའུ་མིག་བསྐུར་བ་སོགས་སྦྱོང་གི་ཡོད། ཉིན་ལྟར་ཞོགས་པ་ཁྲའོ་ཏའེ་ཧོ་ཆུ་ཚོད་ཕྱེད་ཀ་སྔ་སྣུར་དུ་སྒྲིག་ཆས་སྙོམ་སྒྲིག་ཚོད་ལྟ་བྱེད་པར་བསྐྱོད་དེ་ཚད་འཇལ་གྲངས་གཞིར་ཧེ་བག་གཏན་ནས་མེད་པའི་འགན་ལེན་བྱེད་ཀྱི་ཡོད།
གཞོན་ནུ་ཡིན་པའི་ངས་རྒན་ལགས་ལྟ་བུའི་འཇོན་ཐང་སྦྱོང་དགོས་པ་མ་ཟད། ད་དུང་ཚན་རྩལ་མཐོ་བའི་སྒྲིག་ཆས་སྤྱོད་པར་དེ་བས་བྱང་ཆ་ལྡན་དགོས”ཞེས་ཁྲང་ཤིང་ཡོན་གྱིས་བཤད། ན་གཞོན་ཚོར་རྩ་བ་ཚུགས་ནས་བརྟན་སྲུང་བྱེད་པའི་ཐོག་མའི་བསམ་འདུན་ལྡན་པས་འཇོན་ཐང་ངོམ་པར་ད་དུང་རྩ་འཛུགས་ཀྱིས་མཐུན་རྐྱེན་སྦྱོར་དགོས། རྨ་ཆུ་ས་ཚིགས་ཁོངས་གཏོགས་རྨ་ཆུ་ཆུ་བེད་ཨུ་ལྷན་སྟོད་རྒྱུད་ཆུ་དཔྱད་ཆུའི་ཐོན་ཁུངས་ཅུས་ཀྱིས་ན་གཞོན་ལས་བྱེད་པར་འགན་འཁྲི་ཁུར་དུ་བཅུག་ནས། དཀའ་ཉེན་བྲེལ་ལྕིའི་ལས་འགན་ཁྲོད་ཁོང་ཚོར་ཞུན་བརྡར་སྤྲས་ཏེ་འཚར་ལོངས་ཡོང་བར་བྱས་པ་རེད།
1994ལོར་སྐྱེས་པའི་ལིའུ་ཤིང་གིས་2020ལོ་ནས་བཟུང་སི་ཁྲོན་འཛམ་ཐང་ཆེད་སྤྱོད་ཆུ་བབ་ས་ཚིགས་ཀྱི་སྐོར་ཞིབ་ལས་འགན་ཁུར་ནས། ལྷོ་ཆུ་བྱང་འདྲེན་གྱི་ནུབ་རྒྱུད་ལས་གྲྭར་དུས་འགོའི་གྲངས་གཞི་འཚོལ་བསྡུ་བྱས་པ་རེད། འཛམ་ཐང་ཆེད་སྤྱོད་ཆུ་བབ་ས་ཚིགས་དེ་རྨ་ཆུ་རྫོང་གྲོང་དང་བར་ཐག་སྤྱི་ལེ་500ལྷག་ཙམ་ཆོད་པས་རླངས་འཁོར་བཏང་ནས་ལམ་འབར་འབུར་བརྒྱུད་ཆུ་ཚོད་8ཙམ་སྐྱོད་དགོས་ཀྱི་ཡོད་མོད། འོན་ཀྱང་ཁོང་གིས“གྲངས་གཞི་ངོ་མ་རག་པ་དང་། ཚན་རིག་དང་མཐུན་པའི་བསྡོམས་ཚིག་འཐབ་ས་དང་པོ་ནས་ཐོན་པ། ས་གནས་ས་ཐོག་ཏུ་སྐྱོད་རྒྱུ”བཅས་བྱུང་ན་ངལ་དུབ་ཀྱི་སྣང་བ་ཡོང་གི་མི་འདུག་ཅེས་བཤད། རྨ་ཆུ་ས་ཚིགས་ཀྱི་རྒྱུན་གཏན་ལྟ་ཞིབ་ཚད་ལེན་གྱིས་ད་དུང་སྨད་རྒྱུད་ཀྱི“ནུབ་གློག་ཤར་ཁྲིད”རྣམ་གྲངས་དམར་གདང་ཆུ་ཤུགས་གློག་ཁང་གི་ཆུ་གཤོང་དང་གློག་གཏོང་སོགས་ཀྱི་ཐབས་ཇུས་ལ་ཐད་ཀར་ཞབས་འདེགས་ཞུ་གི་ཡོད། ཆུ་ཐིགས་རེ་རེ་གནད་ལ་འཁེལ་པོས་ཚད་འཇལ་བ་ནི་རྒྱལ་ཁབ་ཆེན་པོའི་ལས་གྲྭའི་རྨང་གཞིའི་འདེགས་སྐྱོར་ཞིག་རེད།
ན་ནིང་། གོང་རིམ་ཚན་པའི་བཀོད་སྒྲིག་འོག་ཝང་ཤང་ཐིང་གིས་རྨ་ཆུའི་སྟོད་རྒྱུད་ཀྱི་རྨ་ཆུ་དུམ་བུའི་ས་ངོས་ཆུའི་ཐོན་ཁུངས་བརྟག་དཔྱད་ལ་ཞུགས་ནས། གཏིང་འཇལ་སྒྲིག་ཆས་ལ་བརྟེན་ནས་རྨ་ཆུའི་བཅད་ངོས་ཀྱི་ཚད་ལེན་ཆ་འཕྲིན་བསྡུ་རུབ་བྱས་པ་རེད།
ལོ་མཇུག་ཏུ་སླེབས་རིམ་བཞིན་ལོ་འཁོར་གྱི་དཔྱད་གཞི་ལེགས་སྒྲིག་བྱེད་པ་ནི་ཆུ་དཔྱད་ས་ཚིགས་ཀྱི་ལས་དོན་གལ་ཆེན་ཞིག་རེད། རྨ་ཆུ་ས་ཚིགས་ཀྱི་གཞོན་ནུ་ཚོས་ལོ་ཧྲིལ་པོར་ཉིན་རེ་བཞིན་ཚད་འཇལ་ཐུབ་པའི་ཆུ་ཁ་དང་། རྒྱུག་ཚད། བྱེ་མ་འདུས་ཚད་སོགས་ཀྱི་ཐོག་མའི་གྲངས་གཞི་རེ་རེ་བཞིན་ཞིབ་བཤེར་དང་། དག་བཅོས། ལེགས་སྒྲིག་བཅས་བྱས་ནས་ཚད་ལྡན་ཅན་གྱི་གྲུབ་འབྲས་རེའུ་མིག་ཅིག་ཆགས་ཡོད། རྨ་ཆུ་ས་ཚིགས་ཀྱི་ཆུའི་གནས་ཚུལ་གཞུང་ལས་ཁང་གི་དཔེ་སྒྲོམ་དུ་1959ལོ་ནས་ད་བར་གྱི་གྲངས་གཞིའི་དཔྱད་གཞི་ཆ་ཚང་ཉར་ཚགས་བྱས་ཡོད་པ་རེད།
ཀུའོ་ཧྥན་གྱིས“རྩིས་ཐོ་དེ་དག་ནི་མིག་སྔའི་འབྲུབ་འགོག་བཀོད་གཏོང་གི་དཔྱད་གཞི་ཙམ་མ་ཟད། འབྱུང་འགྱུར་རྨ་ཆུར་ཞིབ་འཇུག་དང་བཅོས་སྐྱོང་བྱེད་པར་ངེས་པར་དུ་མཁོ་བའི་མ་ཡིག་གལ་ཆེན་ཞིག་ཀྱང་རེད”ཅེས་དང་། ཉེ་བའི་ལོ་10ཡི་ཆུའི་གནས་ཚུལ་བསྡུར་བའི་རེའུ་མིག་བཏོན་ཏེ་2025ལོར་རྨ་ཆུའི་རྨ་ཆུ་དུམ་བུའི་ས་ཁོངས་སྒྲོལ་བའི་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་110.6ཟིན་པ་དེ་ལོ་10ཡི་གོང་ལས་6.9%འཕར་ཡོད། “ས་ཁོངས་སྒྲོལ་བའི་རྒྱུག་ཚད་ཀྱི་འགྱུར་ལྡོག་ལས་སྐྱེ་ཁམས་སྲུང་སྐྱོང་དང་ཆུ་རྩ་གསོ་འཁྱོངས་ཀྱི་ཕན་འབྲས་ར་སྤྲོད་བྱེད་ཐུབ”ཅེས་བཤད།
ལོ་འདི་དག་རིང་རྨ་ཆུ་ས་ཚིགས་ལ་རྨ་ཆུ་ཆུ་བེད་ཨུ་ལྷན་གྱི་སྟོད་རྒྱུད་ཆུ་དཔྱད་ཆུའི་ཐོན་ཁུངས་ཅུས་ཀྱིས་སྤྲད་པའི“ལས་རྗེས་དཔྱད་ཞིབ་ཀྱི་ཕུལ་བྱུང་མཉམ་སྡེབ”དང“སྔོན་ཐོན་བཟོ་ཚོགས་ཚོགས་ཆུང”སོགས་ཀྱི་མཚན་སྙན་ཐེངས་མང་རག་ཡོད། ཀུའོ་ཧྥན་གྱིས“གནད་ལ་འཁེལ་པོས་ཚད་རེ་རེ་བཞིན་འཇལ་ཏེ་ལོ་རྒྱུས་ཀྱི་དཔྱད་གཞི་རྒྱུན་མི་ཆད་པ་དང་ཧེ་བག་མི་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད། དེ་ནི་ཆུ་དཔྱད་བའི་སྲིད་དོན་ལས་རྗེས་ཆེ་ཤོས་ཡིན་ལ། མ་ཡུམ་གཙང་པོ་སྲུང་བའི་བརྩེ་སེམས་ཟབ་ཤོས་ཤིག་ཀྱང་ཡིན”ཞེས་མྱོང་ཚོར་ཟབ་མོས་བཤད།
འབྲེལ་ཡོད་གསར་འགྱུར།